འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་28ཉིན།

༄༅།།ཀྲུང་གོའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་ཐད་ཀྱི་ཡིག་ཆ་པར་འགྲེམས་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་28ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《ཀྲུང་གོའི་བུད་མེད་འཕེལ་རྒྱས་རྩ་གནད(2021-2030ལོ)》དང《ཀྲུང་གོའི་བྱིས་པའི་འཕེལ་རྒྱས་རྩ་གནད(2021-2030ལོ)》(གཤམ་དུ་བུད་མེད་ཀྱི་རྩ་གནད་དང་བྱིས་པའི་རྩ་གནད་ཞེས་བསྡུ་རྒྱུ)པར་འགྲེམས་བྱས་པ་རེད། 
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བུད་མེད་དང་བྱིས་པ། ཁྱིམ་ཚང་བཅས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་བུད་མེད་དང་བྱིས་པའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་གསར་པ་ཐོབ་ཡོད། རྩ་གནད་གཉིས་གཏན་འབེབས་དང་ལག་བསྟར་བྱ་རྒྱུ་ནི་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་དང་བྱིས་པ་དམིགས་སུ་བཀར་བའི་རྩ་དོན་ལག་ལེན་མཐར་ཕྱིན་གཏིང་ཟབ་བྱེད་པ་དང་། དུས་རབས་གསར་པར་རང་རྒྱལ་གྱི་བུད་མེད་དང་བྱིས་པའི་ལས་དོན་སྤུས་ཚད་སྔར་ལས་མཐོ་བའི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བར་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད། 
     རྩ་གནད་དེ་གཉིས་ཀྱིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་པ་དང་། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས།“མཚོན་བྱེད་གསུམ་”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འགྲོ་ལམ་གྱི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་འབྱུང་འགྱུར་ལོ་བཅུའི་བུད་མེད་དང་བྱིས་པའི་འཕེལ་རྒྱས་དམིགས་ཚད་ལས་འགན་འཆར་འགོད་དང་བཀོད་སྒྲིག་བྱས་ཡོད། 
     བུད་མེད་ཀྱི་རྩ་གནད་ནང་བཏོན་དོན། 2030ལོར་སླེབས་སྐབས་ཕོ་མོ་འདྲ་མཉམ་གྱི་གཞི་རྩའི་རྒྱལ་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་ཐུབ་པ་བྱས་ནས་ཕོ་མོ་འདྲ་མཉམ་དང་བུད་མེད་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ལམ་ལུགས་དང་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་བ་དང་། བུད་མེད་ལ་ཕྱོགས་མང་གི་ཚེ་སྲོག་གི་དུས་འཁོར་ཧྲིལ་པོའི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་བདེ་ཐང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་འགྲོ་བ། བུད་མེད་ལ་འདྲ་མཉམ་ངང་སློབ་གསོ་ཐོབ་པའི་ཁེ་དབང་ཡོད་པ་དང་། བྱང་ཚད་དང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་འགྲོ་བ། བུད་མེད་ལ་དཔལ་འབྱོར་གྱི་ཁེ་དབང་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་དཔལ་འབྱོར་གྱི་གནས་བབ་བརྟན་པོའི་ངང་འཕར་བ། བུད་མེད་ལ་ཆབ་སྲིད་ཀྱི་ཁེ་དབང་འདྲ་མཉམ་ངང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། རྒྱལ་ཁབ་དང་དཔལ་འབྱོར་རིག་གནས་སྤྱི་ཚོགས་ལས་དོན་དོ་དམ་ནང་ཞུགས་པའི་ཆུ་ཚད་རིམ་བཞིན་མཐོ་རུ་གཏོང་རྒྱུ། བུད་མེད་ལ་འདྲ་མཉམ་ངང་བང་རིམ་མང་བ་དང་རྒྱུན་མཐུད་ཀྱི་སྤྱི་ཚོགས་འགན་སྲུང་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་ཐོབ་ཐང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འགྲོ་བ། ཁྱིམ་ཚང་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྲོལ་དང་སྲིད་ཇུས་ཀྱི་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྱིམ་ཚང་གི་ཡ་རབས་སྲོལ་བཟང་གསར་པ་རྒྱ་ཁྱབ་ཏུ་དར་སྤེལ་གཏོང་བ། ཕོ་མོ་འདྲ་མཉམ་གྱི་འདུ་ཤེས་སྔར་བས་མི་སེམས་སུ་ཟུག་པ་དང་བུད་མེད་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་འགྲོ་བ། ཁྲིམས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། བུད་མེད་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་ཏན་ཏིག་བྱེད་པ། བུད་མེད་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་འགྲོ་བར་བྱེད་དགོས།  བདེ་ཐང་དང་། སློབ་གསོ། དཔལ་འབྱོར། ཐབས་ཇུས་དང་དོ་དམ། སྤྱི་ཚོགས་འགན་ལེན། ཁྱིམ་ཚང་འཛུགས་སྐྲུན། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་8ལ་དམིགས་ནས་བུད་མེད་ཀྱི་རྩ་གནད་ནང་དམིགས་ཚད་གཙོ་བོ་75དང་ཐབས་ཇུས་བྱ་ཐབས་93བཏོན་ཡོད། 
     བྱིས་པའི་རྩ་གནད་ནང་བཏོན་དོན། 2030ལོར་སླེབས་སྐབས་བྱིས་པའི་ཁེ་དབང་འགན་ལེན་བྱེད་པའི་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་ཀྱི་མ་ལག་དེ་བས་འཐུས་ཚང་དུ་གཏོང་བ་དང་། བྱིས་པ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་དེ་བས་འཐུས་ཚང་དུ་གཏོང་བ། བྱིས་པ་དམིགས་སུ་བཀར་བའི་སྤྱི་ཚོགས་ཀྱི་དར་སྲོལ་ཡོངས་ཁྱབ་ངང་ཆགས་པ། གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཚོགས་སྤྱི་བཅས་དབར་གྱི་བྱིས་པའི་འཕེལ་རྒྱས་ཀྱི་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་གཏོང་བ་བཅས་བྱེད་དགོས་པ་དང་། བྱིས་པར་སྔར་བས་ཆ་སྙོམས་དང་བསྒྲུབ་ཐུབ་པའི་གཞི་རྩའི་སྤྱི་པའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོད་པ་དང་། སྔར་ལས་ལྷག་པའི་ངང་ཡོངས་ཕན་དང་ཁྱད་དུ་འཕགས་པའི་ཕན་བདེའི་འགན་ལེན་ལོངས་སུ་སྤྱོད་རྒྱུ་ཡོད་པ། དེ་བས་འཆམ་མཐུན་གྱི་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་ཁོར་ཡུག་ལོངས་སྤྱོད་བྱ་རྒྱུ་ཡོད་པ། བདེ་ཐང་དང་། བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་བྱིས་པའི་དབང་ཆ་སྔར་བས་མངོན་འགྱུར་བྱུང་བ་དང་བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་བྱེད་དགོས། བདེ་ཐང་དང་། བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་སྲུང་སྐྱོང་བཅས་ཁྱབ་ཁོངས་བདུན་ལ་དམིགས་ནས་བྱིས་པའི་རྩ་གནད་ནང་དམིགས་ཚད་གཙོ་བོ་ཁག་70དང་ཐབས་ཇུས་བྱ་ཐབས་ཁག་89བཏོན་ཡོད། 
     རྩ་གནད་དེ་གཉིས་ལག་བསྟར་ལས་ཀའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། དམིགས་ཚད་དོ་དམ་འགན་འཁྲིའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལྟ་ཞིབ་ཚད་ལེན་དང་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་རྩ་འཛུགས་དང་ལག་བསྟར་གྱི་བླང་བྱ་བཏོན་ཡོད།