འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།བློ་བཟང་བསྟན་པ་ཏང་དང་ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:40】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འདམ་གཞུང་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དེ་སྔའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་བློ་བཟང་བསྟན་པས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། བློ་བཟང་བསྟན་པས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་འོས་འགན་དང་རྒྱབ་འགལ་བྱས་པ། ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ་དང་དྲང་པོ་མི་བྱེད་པ། མི་གཞན་དང་ལྐོག་འབྲེལ་ཁ་མཐུན་བྱེད་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་འཇལ་བ་བཅས་དང་། སྒྲིག་སྲོལ་ལས་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ། “དངུལ་ཉར་ལྐོག་མཛོད”འཛུགས་པ་དང་བེད་སྤྱོད་བྱས་པ། ལས་གནས་ཐོག་གི་སྟབས་བདེ་དང་བསྟུན་ནས་ཉོ་སྒྲུབ་ཁྲོད་མཁོ་འདོན་ཚོང་པར་རོགས་རམ་བྱས་ཏེ་ཁྲིམས་འགལ་གྱིས་མི་གཞན་གྱི་རྒྱུ་དངོས་བླངས་པ་རེད། 
     བློ་བཟང་བསྟན་པ་ཏང་ཡོན་ལས་བྱེད་པ་ཞིག་ཡིན་ནའང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཡོད་པས་ལས་གནས་ཐོག་ཁྲིམས་འགལ་གྱི་ཉེས་ཚད་ལོན་པ་མ་ཟད་ལྐོག་རྔན་ལེན་པའི་ཉེས་གསོག་དོགས་གནད་ཀྱང་ཡོད་པ་དང་། གྲངས་འབོར་ཧ་ཅང་ཆེ་བ། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་ད་དུང་རང་ཚོད་མི་ཟིན་པ་དང་མཚམས་མི་འཇོག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ངོ་ཚ་མི་ཤེས་པ་དང་མཚམས་མི་འཇོག་པ་བཅས་བྱས་པས་ཐག་གཅོད་ནན་པོ་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་འདམ་གཞུང་རྫོང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་རྫོང་ཨུད་ལ་ཆོག་མཆན་ཡང་ཞུས་པ་བརྒྱུད་འདམ་གཞུང་རྫོང་སྒྲིག་ཨུད་ཀྱིས་བློ་བཟང་བསྟན་པར་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུ་དང་། འདམ་གཞུང་རྫོང་ལྟ་ཞིབ་ཨུ་ལྷན་གྱིས་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུ། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།