འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།གཡུང་དྲུང་ཟླ་བ་ཏང་དང་ལས་གནས་ནས་ཕུད་འདུག 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:29】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་ཆབ་མདོ་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅི་གཞོན་པ། ཅུས་ཀྲང་གཡུང་དྲུང་ཟླ་བས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད།  
     ཞིབ་བཤེར་བྱས་པ་བརྒྱུད། གཡུང་དྲུང་ཟླ་བས་ཕུགས་བསམ་དང་དད་སེམས་ཤོར་བ་དང་། ཐོག་མའི་བསམ་འདུན་དང་ལས་འགན་རྒྱབ་ཏུ་བསྐྱུར་ཏེ། སྒྲིག་འགལ་ངང་དོ་དམ་དང་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་བླངས་པ་དང་། མང་ཚོགས་ཀྱི་ཁེ་ཕན་ལ་བཙན་གནོད་བྱས་ཏེ་མང་ཚོགས་ལག་ནས་གྲོན་དངུལ་བསྡུ་བ། ཁྱིམ་ཚང་གི་སྤྱོད་བཟང་དང་འགལ་བ། དབང་དངུལ་བརྗེ་ཚོང་ཤུགས་ཆེན་བྱས་ནས་ལས་གནས་ཀྱི་སྟབས་བདེ་སྤྱད་དེ། དུས་ཡུན་རིང་པོའི་ནང་ལས་གྲྭའི་འགན་ལེན་དང་མ་དངུལ་གཏོང་སྤྲོད་ཐད་མི་གཞན་ལ་ཁེ་ཕན་སྒྲུབ་པ་དང་འབྲེལ་ཁྲིམས་འགལ་ངང་རྒྱུ་ནོར་འབོར་ཆེན་བླངས་པ་རེད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་ནའང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བ་དང་། མང་ཚོགས་ཀྱི་སྒྲིག་ཁྲིམས་དང་འཚོ་བའི་སྒྲིག་ཁྲིམས་ལས་འགལ་བ། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་ཡོད་པས། ལས་གནས་ཐོག་ཁྲིམས་འགལ་གྱི་ཉེས་ཚད་ལོན་པར་མ་ཟད། རྒྱུ་རྔན་ཟ་ལེན་གྱི་ཉེས་བསགས་དོགས་གཞི་ཡོད་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ད་དུང་རང་ཚོད་མི་ཟིན་པ་དང་མཚམས་མི་འཇོག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་ངོ་ཚ་མི་ཤེས་པ་དང་མཚམས་མི་འཇོག་པ། ངོ་བོ་ཚབས་ཆེ་ཞིང་གྲངས་འབོར་ཧ་ཅང་ཆེ་བས་ཤུགས་རྐྱེན་ངན་པ་ཐེབས་པས་ཐག་གཅོད་ནན་པོ་བྱེད་དགོས།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་གི་ལས་དོན་མི་སྣའི་སྲིད་དོན་ཆད་གཅོད་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་གཡུང་དྲུང་ཟླ་བ་ཏང་གི་སྐྱིད་སྡུག་ནས་འབུད་རྒྱུ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་རྒྱུ། སྒྲིག་འགལ་གྱི་ཐོབ་ཆ་གཞུང་བཞེས་གཏོང་བ་དང་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱེད་པར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་ཡོད་རྒྱུ་ནོར་ཡང་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་བཅས་ཐག་བཅད་པ་རེད།