འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།མཚོ་སྔོན་གནམ་ཐང་གིས་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པར་བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་ཞབས་ཞུ་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་གནམ་ཐང་ཀུང་སིས་ཟི་ལིང་དང་། གོར་མོ། ཡུལ་ཤུལ། གཏེར་ལེན་ཁ། ཧྭ་ཐུའུ་ཀོའུ། མགོ་ལོག མདོ་ལ་བཅས་གནམ་ཐང་བདུན་དུ“གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པར་དྲོ་སྐྱིད་སྦྱིན་ནས་ཤར་གཏོང་འགན་ལེན་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་དུས་གཅིག་ཏུ་སྤེལ་བ་རེད། གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པ་འགྲོ་སྐྱོད་བྱེད་རིང་གནམ་ཐང་ནས་འབྱོར་བྲལ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་ཞབས་ཞུ་བྱས་ནས། གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲོ་རོགས་མེད་པའི་རྒན་རྒོན་དང་བྱིས་པར་དམིགས་བསལ་གྱི་གཟིགས་སྐྱོང་བྱེད་རྒྱུ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། “གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པར་དྲོ་སྐྱིད་སྦྱིན་ནས་ཤར་གཏོང་འགན་ལེན་བྱེད”ཅེས་པའི་བྱེད་སྒོ་ནི་ནུབ་བྱང་དམངས་སྤྱོད་མཁའ་འགྲུལ་ཁོངས་གཏོགས་ཀྱིས“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”བྱེད་སྒོ་དོན་འཁྱོལ་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་རེད། སླད་ཕྱིན་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པ་འགྲོ་སྐྱོད་བྱེད་རིང་མཚོ་སྔོན་གནམ་ཐང་ཀུང་སི་ནས་འབྱོར་བྲལ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲིད་སྟོན་ཞབས་ཞུ་བྱས་ནས་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པའི་ཞབས་ཞུའི་ས་ཚིགས་དང་སྐོར་སྐྱོད་ཞབས་ཞུའི་ལས་གནས་བཙུགས་ནས་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པ་དབྱེ་འབྱེད་དང་འགྲུལ་པར་སྣེ་ལེན་གྱི་ལས་དོནཡག་པོ་བསྒྲུབ་རྒྱུ་རེད། གཞན་ཡང་ཆེད་མི་མངགས་ནས་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པར་གནམ་གྲུ་མ་ཐོན་གོང་གི་ཁྲིད་སྟོན་ཞབས་ཞུ་ཡག་པོ་བྱེད་རྒྱུ་དང་། ཞིང་ཆེན་ནང་ཁུལ་གྱི་ཡན་ལག་གནམ་ཐང་དང་ཟི་ལིང་གནམ་ཐང་དབར་གྱི་དུས་གཏན་གནམ་གྲུར་ཐེངས་དང་པོ་སྡོད་མཁན་འགྲུལ་པ་དམིགས་སར་འབྱོར་བའི་ཁྲིད་སྟོན་ཞབས་ཞུ་བྱེད་རྒྱུ། དེ་བཞིན་གནམ་གྲུར་ཐེངས་དང་པོ་སྡོད་མཁན་གྱི་འགྲོ་རོགས་མེད་པའི་རྒན་རྒོན་དང་བྱིས་པར་དམིགས་བསལ་གཟིགས་སྐྱོང་བྱེད་རྒྱུ་བཅས་རེད།