འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།ས་མཐོའི་ཞིང་འབྲོག་ཐོན་རྫས་དྲ་ཐོག་ནས་འཚོང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་རེའི་བེ་ཤ་འཐུ་དུས་ནི་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་བྱེ་པ་གྲོང་ཚོའི་དྲ་ཐོག་ཚོང་དོན་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་བསོད་ནམས་སྒྲོལ་དཀར་ལས་བྲེལ་ཆེ་ཤོས་ཀྱི་སྐབས་རེད། “ཉིན་ལྟར་གྲོང་མི་ཚོས་བཏུས་མ་ཐག་གི་བེ་ཤ་སོས་པ་ཁྱེར་ཡོང་གི་འདུག ངས་དེ་དག་དྲ་ཐོག་ནས་འཚོང་གི་ཡོད། ཚོང་ཧ་ཅང་ཡག་པོ་འདུག”དེ་སྔོན་གྲོང་མི་ཚོས་བཏུས་པའི་བེ་ཤ་མང་ཆེ་བ་སྔོ་ཚལ་ཁྲོམ་ར་དང་ཡང་ན་གཞུང་ལམ་འགྲམ་དུ་འཚོང་བར་འགྲོ་དགོས་པས་ཚོང་ལམ་ཧ་ཅང་དོག་པོ་ཡོད། ད་ཆ་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་གྱི་རྣམ་གྲངས་ལག་བསྟར་བྱས་པ་དང་བསྟུན་ནས། ཚང་མས་སོ་སོའི་ནང་ནས་བེ་ཤ་ཕྱིར་ཚོང་བྱེད་ཐུབ་པ་མ་ཟད། ད་དུང་རིན་གོང་ཡང་ཡག་པོ་རག་གི་འདུག་ཅེས་བསོད་ནམས་སྒྲོལ་དཀར་གྱིས་གསར་འགོད་པར་བཤད།
     “འདི་ལོའི་ལོ་སྟོད་དུ། བོད་ཀྱི་དྲ་ཐོག་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར་78.2ཟིན་པ་དེ་དུས་མཚུངས་ལས་156.2%འཕར་བ་དང་། འཕར་ཚད་རྒྱལ་ཡོངས་ཀྱི་ཨང་གཉིས་པར་སླེབས་ཡོད”དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ཁྲོད་ཀྱི་དྲ་ཐོག་ཚོང་དོན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་ཆེད། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་གྲོང་གསེབ་ཏུ་དྲ་ཐོག་ཚོང་དོན་དར་སྤེལ་གཏོང་བའི་ཕྱོགས་བསྡུས་དཔེ་སྟོན་སྤྱི་ཡོངས་སྐུལ་སྤེལ་ལས་དོན་ཇུས་གཞི》སོགས་མཛུབ་ཁྲིད་རང་བཞིན་གྱི་ཡིག་ཆ་མང་པོ་སྔ་རྗེས་སུ་བཏོན་ནས། གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ལས་དོན་འཛུགས་སྐྱོང་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བས། ཚོང་དོན་རྒྱུན་འཁོར་དེང་རབས་ཅན་དང་། ཞིང་འབྲོག་ཐོན་རྫས་ཕྱིར་ཚོང་། ཞིང་འབྲོག་པའི་ལས་གཏོད་ལས་ཞུགས། ཞིང་འབྲོག་ཁུལ་གྱི་འཛད་སྤྱོད་རིམ་སྤོར་དང་དབུལ་སྐྱོར་གསར་སྤེལ་སོགས་ལ་སྐུལ་འདེད་གཏོང་བའི་ཐད་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད་ཅེས་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་དྲ་ཐོག་ཚོང་དོན་ཁྲུའི་ཁྲུའུ་ཀྲང་ལི་ཡན་ཕིང་གིས་ངོ་སྤྲོད་བྱས་པ་རེད།
     བོད་ཀྱི་ཞིང་འབྲོག་ཐོན་རྫས་གྲོང་ཁྱེར་དུ་འཚོང་བ་དང་བཟོ་ལས་ཐོན་རྫས་གྲོང་གསེབ་ཏུ་འཚོང་བའི་ཕྱོགས་གཉིས་རྒྱུན་འཁོར་ཐབས་ལམ་ཡངས་སུ་གཏོང་ཆེད། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པ་དང་། ས་ཁུལ(གྲོང་ཁྱེར)རིམ་པ། རྫོང(ཆུས)རིམ་པ་བཅས་ཤུགས་རྒྱག་སར་བྱས་ཐོག་མཛོད་ཉར་ལྟེ་གནས་དང་། བརྒྱུད་སྐྱེལ་ལྟེ་གནས། སྡེབ་སྐྱེལ་ལྟེ་གནས་བཅས་སོ་སོར་བསྐྲུན་ནས་མཛོད་ཉར་དང་། སྐྱེལ་འདྲེན། ཐུན་མོང་སྡེབ་སྐྱེལ་བཅས་ཀྱི་ཞབས་ཞུའི་མ་ལག་3བཙུགས་ཡོད་པ་རེད། “མིག་སྔར། བོད་དུ་རང་སྐྱོང་ལྗོངས་རིམ་པའི་དྲ་ཐོག་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་། ཐོན་རྫས་ཆེ་གྲས་མཛོད་ཉར་ལྟེ་གནས། ཐོན་རྫས་འབྲིང་གྲས་དང་ཆུང་གྲས་མཛོད་ཉར་ལྟེ་གནས། སྒྲུག་གསེས་ལྟེ་གནས། འཁྱག་མཛོད་བཅས་1རེ་དང་། ས་ཁུལ་དང་གྲོང་ཁྱེར་རིམ་པའི་ཞབས་ཞུའི་ལྟེ་གནས་དང་མཛོད་ཉར་སྒྲུག་གསེས་ལྟེ་གནས་3རེ། རྫོང་རིམ་པའི་ཞབས་ཞུའི་ལྟེ་གནས་དང་མཛོད་ཉར་སྐྱེལ་འདྲེན་གཉེར་སྐྱོང་ས་ཚིགས་43 ཤང་དང་གྲོང་རྡལ་གྱི་ཞབས་ཞུའི་ས་ཚིགས་273 གྲོང་ཚོ་རིམ་པའི་ཞབས་ཞུའི་ས་ཚིགས་817བཅས་བསྐྲུན་ཡོད། ‘ཐུང་གསུམ་དང་ཏཱ་གཅིག’གི་ཟོག་འགྲེམས་ཀུང་སི་ཆེ་གྲས་བཞི་རྫོང་ཚང་མར་ཁྱབ་པ་དང་། སྦྲག་སྲིད་ཟོག་འགྲེམས་གཞི་རྩའི་ཆ་ནས་གྲོང་གསེབ་ཚང་མར་ཁྱབ་ཡོད”ཅེས་ལི་ཡན་ཕིང་གིས་བཤད།
     བོད་ཀྱིས་ད་དུང་མིག་སྔའི་ཐད་གཏོང་དར་སོ་ཆེ་བའི་དུས་ཚོད་དམ་འཛིན་བྱས་ཏེ《བོད་ཀྱི་ཐད་གཏོང་དྲ་ཐོག་ཚོང་དོན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་བསམ་འཆར(2020—2022)》བཏོན་ནས། ཐད་གཏོང་དྲ་ཐོག་ཚོང་དོན་བོད་དུ་འཕེལ་རྒྱས་བཏང་བ་དང་། གྲངས་གཞི་ལས་མངོན་པར་གཞིགས་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱི་དྲ་ཐོག་ཐད་གཏོང་ནས་སིལ་ཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་8དང་། དྲ་ཐོག་སིལ་ཚོང་སྐུར་མ་ཁྲི་1190.1 ཐད་གཏོང་ཚོང་ཟོག་11283བཅས་ཟིན་ཡོད་པ་རེད།