འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་27ཉིན།

༄༅།།མཚོ་སྔོན་གྱིས་གློག་ཤུགས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་སྲོལ་རྒྱུན་ནས་དེང་རབས་ཀྱི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་ཁྲིད་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་27ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཉེ་བའི་ལོ་ཤས་རིང་གློག་ཤུགས་ཀྱི་སྐུལ་ཁྲིད་འོག“ཀྲུང་གོའི་གྲོང་གསེབ་མཛེས་ཤོས”ཞེས་སུ་གྲགས་པའི་མཚོ་སྔོན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་འཇུ་ལག་ཧུད་རིགས་རང་སྐྱོང་རྫོང་གིས་ཞིང་འབྲོག་ལས་འདེབས་གསོའི་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་ནས་ཞིང་འབྲོག་ལས་དང་ཞིང་འབྲོག་ཁུལ་དེང་རབས་ཅན་དུ་འགྱུར་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། དུས་རབས་གསར་པའི་ཞིང་ལས་སྟོབས་ཆེན་དང་། གྲོང་གསེབ་མཛེས་སྡུག་ལྡན་པ། ཞིང་པ་ཕྱུག་འགྱུར་ཐུབ་པ་བཅས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་བཞིན་ཡོད།
     “ཉེ་བའི་ལོ་ཤས་རིང་རླམ་རྩྭ་ཕོ་སུལ་དང་། བེ་ཤ། ཤ་མངར་བཅས་ཀྱི་ཐོན་ཚད་ཚང་མ་མང་དུ་ཕྱིན་ཡོད། སང་ལོ་ང་ཚོས་འདེབས་འཛུགས་རྒྱ་ཁྱོན་ཆེ་རུ་བཏང་ནས། དྲོད་ཁང་80རྒྱས་སྐྲུན་དང་ཤ་མོ་ཁྲི་200ཐོན་སྐྱེད་བྱས་ཏེ། གྲོང་མི་དེ་བས་མང་བར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་རྩིས་ཡོད” ཟླ་9ཚེས་13ཉིན། འཇུ་ལག་རྫོང་རུའེ་ཧུའེ་ས་མཐོའི་དེང་རབས་ཞིང་ལས་འདེབས་གསོ་རྟེན་གཞིའི་ཅིང་ལི་གཞོན་པ་ཧྥེང་ཐེ་ལིན་གྱིས་གློག་སྐུད་གྲལ་བཤེར་བྱེད་མཁན་གྱི་གློག་འདོན་པ་དབྱང་མིང་མིང་ལ་སང་ལོའི་འཆར་གཞི་བཤད།
     རུའེ་ཧུའེ་ས་མཐོའི་དེང་རབས་ཞིང་ལས་འདེབས་གསོ་རྟེན་གཞི་ནི་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་གྱི་ཁྱད་ལྡན་ཞིང་ལས་ཐོན་རྫས་རྟེན་གཞི་ཆེ་གྲས་ཤིག་ཡིན་པ་དང་། དེའི་ས་ཁྱོན་མུའུ་1300ཟིན་ཞིང་། ད་ཆ་དྲོད་ཁང་ཆེ་མོ་200ལྷག་ཙམ་ཡོད། ས་མཐོའི་གནམ་གཤིས་གྲང་བའི་ཆ་རྐྱེན་འོག་དེ་གའི་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་མཐོ་བ་དང་བྲོ་བ་ཞིམ་པས། སྔར་བཞིན་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་ཆེ་གྲས་ཁག་གི་དགོས་མཁོ་སྐོང་ཐུབ་ཀྱི་མེད།
     དེ་སྔ་ས་མཐོའི་དྲོད་ཚད་ཧེ་བག་ཆེ་བའི་དབང་གིས་ཞིང་ལས་སྐྱེ་དངོས་ཀྱི་ལྗང་བུ་ཐོན་ཚད་དམའ་བ་དང་ཐོན་འབབ་ཉུང་ཉུང་རེད། ཇི་ལྟར་བྱས་ནས་དྲོད་ཁང་ཆེ་མོའི་ཁྱད་ལྡན་འདེབས་འཛུགས་བརྟན་ལ་ཐོན་འཕར་ཡོང་བ་བྱས་ཏེ་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་དང་། ཞིང་དུད་ཀྱི“དངུལ་ཁུག”ལྕི་རུ་གཏོང་བའི་ཐད་འདེབས་གསོ་རྟེན་གཞིས“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གློག་རླངས་ཅན་གྱི་ལམ་བུའི་ཐོག་བསྐྱོད་དེ་ཆུ་གཏོར་དང་དྲིལ་ཡོལ་སོགས་རིག་ནུས་གློག་རླངས་ཅན་གྱི་སྒྲིག་ཆས་སྤྱད་དེ་ཞིང་ལས་ཐོན་སྐྱེད་ལ་ཚོད་འཛིན་ཐུབ་རྒྱུར་རམ་འདེགས་བྱས་ཡོད།
     “ཐོན་ལས་འཕེལ་རྒྱས་གཏོང་བར་སྔོན་ལ་གློག་ཤུགས་སྤྱོད་དགོས། 2020ལོའི་ལོ་མཇུག་ཏུ་འཇུ་ལག་ས་ཁུལ་གྱི་གློག་མཁོ་འདོན་བྱེད་ཚད་99.6854%ཟིན་པ་དེ་2015ལོའི་99.5623%དང་བསྡུར་ན་བརྒྱ་ཆའི་གྲངས་0.12མཐོ་རུ་ཕྱིན་ནས་གྲོང་གསེབ་ཀྱི་དུད་ཚང་རེར་ཆ་སྙོམས་གློག་མེད་པའི་དུས་ཚོད་ཆུ་ཚོད་31ནས་མིག་སྔའི་ཆུ་ཚོད་16བར་ཐུང་དུ་ཕྱིན་ཡོད”ཅེས་འཇུ་ལག་རྫོང་གློག་འདོན་ཞབས་ཞུ་ལྟེ་གནས་ཀྱི་མུའུ་ལི་ཅུན་གྱིས་དེ་ལྟར་ངོ་སྤྲོད་བྱས།
     “བློས་འགེལ་ཆོག་ལ་བརྟན་པའི་གློག་ཤུགས་ཀྱིས་ང་ཚོའི་དྲོད་ཁང་ཆེ་མོ་རིམ་སྤོར་དང་འདེབས་འཛུགས་ཀྱི་གློག་སྤྱོད་དགོས་མཁོར་འདེགས་སྐྱོར་ནུས་ལྡན་ཐུབ་ཡོད། གློག་ནུས་སྒྲིག་ཆས་བརྒྱུད་དྲོད་ཁང་ཆེ་མོའི་ཐོན་སྐྱེད་དྲོད་ཚད་ཚོད་འཛིན་གནད་འཁེལ་ཐུབ་ནས་མི་ཐབས་དང་དུས་ཚོད་ཀྱི་མ་གནས་གྲོན་ཆུང་ཤུགས་ཆེན་ཐུབ་ཡོད། དེ་སྔོན་དང་བསྡུར་ན་མུའུ་རེའི་ཆ་སྙོམས་ཐོན་འབབ་8%ཙམ་འཕར་ཡོད”ཅེས་གློག་རླངས་ཅན་གྱི་འདེབས་འཛུགས་ལས་བྱུང་བའི་འགྱུར་ལྡོག་ངོ་སྤྲོད་བྱེད་སྐབས་ཧྥེང་ཐེ་ལིན་གྱིས་དགའ་སྤྲོའི་ངང་བཤད།
     གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་ལ་བརྟེན་དགོས་པ་དང་ཐོན་ལས་གོང་འཕེལ་གཏོང་བར་ཁྱད་ལྡན་ལ་བརྟེན་དགོས། འཇུ་ལག་གི་འོ་སྤྲིས་ནི་འཇུ་ལག་གི་ཁྱད་ལྡན་ཡུལ་ཟོག་ཡིན་ལ། ཀྲུང་གོའི་རྒྱལ་ཁབ་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ཀྱང་ཡིན། ད་བར་འོ་སྤྲིས་བཟོ་སྟངས་ནི་འཇུ་ལག་གི་ཧུད་རིགས་བུད་མེད་ཀྱིས་གཉེར་བའི་ཁྱིམ་ཚང་གི་སྲོལ་རྒྱུན་ལག་ཤེས་བཟོ་ལས་ཤིག་ཡིན་པ་དང་དེར་ལོ་400ལྷག་ཙམ་གྱི་ལོ་རྒྱུས་ལྡན་ཡོད། “དེ་སྔ་གྲོང་གསེབ་ཀྱི་བུད་མེད་ཚོས་ཁྱིམ་གྱི་ལག་དངུལ་ཁ་གསབ་བྱ་ཆེད། འོ་སྤྲིས་བཟོ་ཡི་ཡོད་པ་དང་། གལ་སྲིད་མེ་དྲོད་སྙོམས་པོ་མ་བྱུང་ཚེ་འོ་མ་འཚིག་ནས་འཕྲོ་བརླག་འགྲོ་བ་དང་། ཡོང་འབབ་ཀྱང་གང་ཡང་མེད”ཅེས་འཇུ་ལག་རྫོང་དབྱི་ཡོན་དཀར་ཆུའི་ཐོན་རྫས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་སྨི་ཀྲི་ཆང་གིས་དེ་ལྟར་བཤད།
     གྲོང་གསེབ་ཀྱི་བུད་མེད་དེ་བས་མང་བ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་ཆེད། ལོ་བཞི་ཡི་གོང་སྨི་ཀྲི་ཆང་དང་ཁོང་གི་ཕས་དཀར་ཆུའི་ཐོན་ལས་ཀྱི་ཁེ་ལས་བཙུགས་ནས་ཁྱད་ལྡན་ཐོན་རྫས་དེང་རབས་ཅན་གྱི་འཕེལ་རྒྱས་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱས་ཡོད། དེ་དང་ཆབས་ཅིག་ཞིང་དུད་ཁྲི་གཅིག་ལྷག་ཙམ་ལ་བཞོན་མ་གསོ་ཚགས་དང་འོ་སྤྲིས་ལས་སྣོན་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།
     “ཆན་ཕུའུ་10ཡི་ཡུན་སྲན་སྐུད་ལམ་གྱིས་དཀར་ཆུའི་ཐོན་རྫས་བཟོ་གྲྭའི་གློག་མཁོ་འདོན་གྱི་ལས་འགན་འཁུར་བས་གྲོང་ཁྱེར་གློག་དྲའི་སྐུད་ལམ་གྱི་ཁུར་པོ་ལྕི་ཙམ་ཡོད། ཁེ་ལས་ཀྱི་ཐོན་སྐྱེད་འགན་ལེན་བྱ་ཆེད། སྒྱུར་བཀོད་བྱས་པ་བརྒྱུད་ད་ཆ་རྫོང་གྲོང་གི་ཆན་ཕུའུ་10ཡི་སྐུད་ལམ་གྱི་ཚངས་ཕྱེད་གློག་མཁོ་འདོན་བྱེད་ཚད་སྟོང་སྨི་4.99ཟིན་པ་དེ་2015ལོ་ལས་སྟོང་སྨི་2.65ཐུང་དུ་ཕྱིན་པ་དང་གློག་མཁོ་འདོན་གྱི་སྤུས་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས་ཁེ་ལས་འཕེལ་རྒྱས་མྱུར་པོ་འགྲོ་བར་འགན་ལེན་ནུས་ལྡན་ཐུབ་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་གློག་ཤུགས་གཙང་གསུམ་ཆུ་འགོའི(མཚོ་བྱང་འཇུ་ལག)གུང་ཁྲན་ཏང་ཡོན་ཞབས་ཞུའི་རུ་ཁག་གི་རུ་མི་ཝང་ཧྲི་ཏུང་གིས་དེ་ལྟར་བཤད།
     བརྟན་ལ་འདང་ངེས་ཀྱི་གློག་ཡོད་པས་འཇུ་ལག་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་ཐོབ་ཡོད། “ཀུང་སི་དང་། ཞིང་དུད། མཐུན་ཚོགས་བཅས་ཟུང་འབྲེལ་གྱི་དེང་རབས་ཅན་གྱི་གཉེར་སྐྱོང་བྱེད་སྟངས་སྤྱད་དེ་ང་ཚོས་རྫོང་ཡོངས་ཀྱི་བཞོན་མ་གསོ་ཚགས་དུད་ཚང་5000ལྷག་ཙམ་དང་ཉོ་ཚོང་གྲོས་མཐུན་བཞག་ཡོད་པས་གཞི་ཁྱོན་ངེས་ཅན་གྱི་ཐོན་ལས་འཁོར་འབྲེལ་ཞིག་ཆགས་པ་དང་། འབྲོག་ལས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། གྲོང་གསེབ་ཀྱི་ངལ་ནུས་དབུལ་པོ་3220ལ་ཕྱེད་བཟོས་འོ་སྤྲིས་ལས་སྣོན་བྱེད་རྒྱུར་སྐུལ་ཁྲིད་བྱས་པ། དུད་ཚང་2740བཞོན་མ་གསོ་ཚགས་བྱ་རྒྱུར་སྐུལ་ཁྲིད་བྱས་པ། དུད་ཚང་དབུལ་པོ་རེར་ཆ་སྙོམས་འབབ་འཕར་སྒོར་8000ལྷག་ཙམ་ཡོང་རྒྱུར་སྐུལ་ཁྲིད་བཅས་བྱས་ཡོད། མིག་སྔར་དེང་རབས་ཅན་གྱི་ཐོན་སྐྱེད་བརྒྱུད་འཇུ་ལག་གི་འོ་སྤྲིས་དེ་ས་གནས་ཀྱི་ཁྱད་ཆོས་དམིགས་བསལ་ལྡན་པ་དང་གཞན་ལ་མེད་པའི་ལྗང་མདོག་བཟའ་བཅའ་ཞིག་ཏུ་གྱུར་ནས་ལོར་ཏུན་200དང་སྤྲིས་ལེབ་ཁྲི་50ཙམ་ཐོན་སྐྱེད་ཐུབ་ཀྱི་ཡོད”ཅེས་བཤད།