འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་26ཉིན།

༄༅།།“བོད་འཕེལ་རྒྱས་ཀྱི་ངོ་མཚར་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ཤིག་རེད”

—— ཀྲུང་གོའི་གནད་དོན་སྐོར་གྱི་ཕ་ཁི་སི་ཐན་གྱི་རིགས་གཅིག་མཁས་ཅན་སུའུ་ཏན·ཧ་ལིར་བཅར་འདྲི་ཞུས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་26ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “ངས་བོད་འཕེལ་རྒྱས་ཀྱི་ངོ་མཚར་དངོས་སུ་མཐོང་བྱུང་། དེ་ནི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་ཐོབ་པའི་གྲུབ་འབྲས་ཆེ་ཤོས་ཤིག་རེད”ཅེས་ཀྲུང་གོའི་གནད་དོན་སྐོར་གྱི་ཕ་ཁི་སི་ཐན་གྱི་རིགས་གཅིག་མཁས་ཅན་སུའུ་ཏན·ཧ་ལིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད།
     ཧ་ལི་ནི་སྔོན་ཆད་ཕ་ཁི་སི་ཐན་མཁའ་དམག་གི་ཧྲང་ཞའོ་དམག་དཔོན་ཞིག་ཡིན་པ་དང་། དམག་ཞབས་ཐིམས་རྗེས་ཧ་ལི་གསར་འགོད་པ་ཞིག་བྱས་ནས་རྩོམ་ཡིག་མང་པོ་བྲིས་ཡོད་པ་དང་། ཁོང་ནི་ཀྲུང་གོའི་གནད་དོན་སྐོར་གྱི་ཕ་ཁི་སི་ཐན་གྱི་རིགས་གཅིག་མཁས་ཅན་ཞིག་རེད། 2019ལོར་ཧ་ལི་ཡིས་རྒྱལ་ཁབ་གཞན་དག་གི་རིགས་གཅིག་མཁས་ཅན་དང་མཁས་དབང་དང་མཉམ་དུ་བོད་ལ་འཚམས་འདྲིར་ཡོང་བ་རེད། རྒྱལ་ནང་དུ་ལོག་རྗེས་ཁོང་གིས་ཕ་ཁི་སི་ཐན་གྱི《རྒྱལ་སྤྱིའི་གསར་འགྱུར་ཚགས་པར》གྱི་དྲ་ཚིགས་ཐོག《ཅི་ཞིག་ནི་བོད་ཀྱི་གནད་དོན་ཡིན་ནམ》ཞེས་པའི་སྐད་གྲགས་ཆེ་བའི་རྩོམ་ཡིག་ཅིག་སྤེལ་ནས་ནུབ་ཕྱོགས་སྤྱི་ཚོགས་ཀྱིས་བོད་ཀྱི་ཡར་ཐོན་གྱི་ད་ལྟའི་གནས་བབ་ལ་རྒྱུས་མངའ་གཏན་ནས་མི་འདུག་ཅེས་ཁ་རྡུང་དྲག་པོ་བཏང་བ་རེད།
     “ནུབ་ཕྱོགས་ཀྱི་གླེང་ཕྱོགས་ཁག་གཅིག་གིས་བོད་ལ‘རང་དབང་མེད་ལུགས’སྐོར་བརྗོད་ཀྱི་ཡོད། རང་ཉིད་འཚམས་འདྲིར་མ་སྐྱོད་གོང་བོད་ནི་དབུལ་ཕོངས་རྗེས་ལུས་དང་རྨང་གཞིའི་སྒྲིག་བཀོད་རྗེས་ལུས་ཐེབས་པའི་ས་ཁུལ་ཞིག་རེད་སྙམ་གྱི་ཡོད”འོན་ཀྱང་། ཧ་ལིས་བོད་ཀྱི་དངོས་ཡོད་ཀྱི་མཐོང་ཐོས་དང་རང་ཉིད་ཀྱི་དེ་སྔའི་བསམ་ཚོད་གཉིས་གཏན་ནས་གཅིག་པ་མ་རེད། “རི་མཐོ་གཡང་གཟར་གྱི་ས་མཐོའི་ཐོག་བསྐྲུན་པའི་གཞུང་ལམ་དང་ལྕགས་ལམ་དེ་དག་མཐོང་སྐབས་རང་ཉིད་ཧ་ལས་ཧང་སངས་བྱུང”ཞེས་ཧ་ལིས་བརྗོད།
     “ཀྲུང་གོ་སྲིད་གཞུང་གིས་འབད་བརྩོན་ཆེན་པོ་བྱས་པས་བོད་འདི་ཉིད་དབུལ་པོ་དབུལ་ནག་གི་གནས་ལས་བསྒྲལ་ཡོད”ཅེས་ཧ་ལིས་བརྗོད། “བོད་ནི་ཀྲུང་གོའི་དབུལ་པོ་ཉུང་གཏོང་གི་ལག་ལེན་ཁྲོད་དཀའ་ཚེགས་ཆེ་ཤོས་ཀྱི‘གཡུལ་སའི’གྲས་ཤིག་ཡིན་མོད། འོན་ཀྱང་དེ་གར་ཁྱེད་ཀྱིས་ཀྲུང་གོའི་འགོ་ཁྲིད་མི་སྣས་བོད་ཀྱི་མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་བའི་ཆོད་སེམས་མཐོང་ཐུབ་པ་དེ་ནི་ལས་སླ་པོ་ཞིག་གཏན་ནས་མིན”
     ཧ་ལིས་འཚམས་འདྲི་བྱེད་སྐབས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་སྐོར་གྱི་ཀྲུང་གོ་ཀྲུང་དབྱང་སྲིད་གཞུང་གི་སྲིད་ཇུས་ཤེས་རྟོགས་གཏིང་ཟབ་བྱས་ཤིང་། ཁོང་གིས་ས་གནས་དེ་གའི་མི་རྣམས་ཀྱིས་ལས་རིགས་གསོ་སྦྱོང་དང་ལེན་བྱས་པ་བརྒྱུད་དེ་བས་ལེགས་པའི་ལས་རིགས་རྩལ་ནུས་དང་ཡོང་འབབ་བྱུང་བ་མ་ཟད། སྲིད་གཞུང་གིས་ད་དུང་ས་གནས་དེ་གའི་གྲོང་མིར་ཆུ་དང་། གློག སོལ་རླངས། དྲ་བ་སོགས་གང་དགོས་ཚང་མ་འཛོམས་པའི་སྡོད་ཁང་གསར་པ་མཁོ་འདོན་བྱས་པས། “མི་དམངས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད་འཚོ་བའི་སྤུས་ཚད་ཀྱང་ལེགས་སུ་ཕྱིན་ཡོད”ཅེས་བཤད།
     བོད་ཀྱི་གསོ་བ་རིག་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་གསོ་རིག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན། སྲིད་ཇུས་ཀྱི་རོགས་སྐྱོར་འོག་ཉེ་བའི་ལོ་ཤས་རིང་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་འཕེལ་རྒྱས་ལ་རྣམ་པ་གསར་པ་བཏོད་ཡོད། ད་ཐེངས་ཀྱི་འཚམས་འདྲི་བརྒྱུད་ཧ་ལིས་བོད་ཀྱི་གསོ་བ་རིག་པའི་ཕུན་སུམ་ཚོགས་པའི་ལོ་རྒྱུས་ཤེས་རྟོགས་བྱུང་ཞིང་། “གསོ་རིག་སློབ་གླིང་དང་ཚན་རིག་ཞིབ་འཇུག་ཁང་མང་པོ་ཞིག་གིས་བོད་ཀྱི་གསོ་བ་རིག་པའི་སློབ་ཁྲིད་དང་ཞིབ་འཇུག་སྐོར་ལ་ལས་དོན་མང་པོ་ཞིག་སྤེལ་ཡོད། བོད་དུ་བོད་ལུགས་གསོ་རིག་ཐོག་མཐའ་བར་གསུམ་དུ་ལག་ལེན་བསྟར་བ་དང་འཕེལ་རྒྱས་གཏོང་བཞིན་ཡོད”
     འཚམས་འདྲི་བྱེད་རིང་། ཧ་ལི་ཡིས་ད་དུང་བོད་ཀྱི་དགོན་སྡེ་དང་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་མང་པོར་ལྟ་སྐོར་བྱས་ཞིང་། ཁོང་གིས“དེ་གར་ཆོས་ལུགས་བྱེད་སྒོར་ཚོད་འཛིན་གང་ཡང་མི་འདུག ཡུལ་སྐོར་བ་མང་པོ་ཞིག་དགོན་སྡེར་ལྟ་སྐོར་བྱེད་ཀྱི་འདུག་ལ། ས་གནས་དེ་གའི་ཡུལ་སྐོར་ལས་རིགས་ཀྱང་འཕེལ་རྒྱས་ཆེན་པོ་ཕྱིན་འདུག”ཅེས་བརྗོད།