འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་24ཉིན།

༄༅།།བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱིས་སློབ་གྲྭའི་ཐབ་ཚང་ལ་དྲ་ཐོག་ནས་ལྟ་འདོམས་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་24ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། འདི་ལོ་ཚུན་དུ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཟས་རིགས་བདེ་འཇགས་ཀྱི་རིག་ནུས་མ་ལག་གཏོད་པའི་གཙོ་རྐང་དེར་དམ་པོར་དམིགས་ཏེ“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”གྱི་ལྟ་འདོམས་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པས། སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་དྲ་ཐོག་ནས་ལྟ་འདོམས་བྱེད་ཐུབ་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། “དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”གྱི་ལྟ་འདོམས་བྱེད་སྟངས་དེས་སློབ་གྲྭའི་རྩེར་སོན་སྐུད་མེད་དྲ་རྒྱར་བརྟེན་ནས་ཐབ་ཚང་དང་ཟ་ཁང་དུ་གློག་མིག་བསྒར་ཏེ་ཟས་རིགས་ལས་སྣོན་དང་དགེ་སློབ་ཀྱིས་ཁ་ལག་ཟ་བའི་བརྙན་ལམ་རྟག་ཏུ་ཟིན་ཐོར་འགོད་པ་དང་ཆབས་ཅིག་ཀྲུང་གོ་གློག་འཕྲིན་གྱི“སྤྲིན་ཚོམས་ལས་སྟེགས”སུ་དུས་ཐོག་ཏུ་ཉར་ཚགས་བྱེད་ཀྱི་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་རྫོང་རིམ་གཉིས་ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལྟ་སྐུལ་ཚོད་འཛིན་ལྟེ་གནས་དང་འབྲེལ་ཡོད་ཚན་ཁག་གིས་རྟག་ཏུ་ཉིན་བདུན་ནང་ཚུན་གྱི་བརྙན་ལམ་ལ་དུས་གཅིག་ཏུ་ལྟ་སྐུལ་ལམ་ཡང་ན་ཡང་བསྐྱར་ལྟ་ཆོག་པས། སློབ་གྲྭའི་ཐབ་ཚང་དེ་ཉིད“ཕྱི་གསལ་ནང་གསལ་གྱི་ཐབ་ཚང”དུ་གྱུར་ཏེ་སློབ་གྲྭའི་ཟས་རིགས་བདེ་འཇགས་ལ་དྲ་ཕྱི་ནས་ལྟ་འདོམས་བྱེད་སྐབས་མི་སྣ་མི་འདང་བ་དང་། ལྟ་རྟོག་ཉུང་བ། མ་གནས་མཐོ་བ། ཕན་འབྲས་ཞན་པ་སོགས་ཀྱི་གནད་དོན་རྦད་དེ་སེལ་ཐུབ་ཡོད། མིག་སྔར་མ་ལག་དེ་སློབ་གྲྭ་34ཡི་ཟ་ཁང་ལ་བསྒར་ཡོད་པ་རེད།
     ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་དྲ་སྦྲེལ་འཁོར་སྐྱོད་ཚོད་ལྟའི་སློབ་གྲྭའི་ཐབ་ཚང་གི་ཟས་རིགས་ལས་སྣོན་གནས་ཚུལ་ལ་ཉིན་ལྟར་སྐོར་ཞིབ་བྱས་ཏེ་ཚུལ་མིན་བྱེད་སྤྱོད་ཤེས་རྟོགས་ཐུབ་ཕྱིན་དུས་ཐོག་ཏུ་ཁོངས་གཏོགས་ཀྱི་ཁྲོམ་ར་ལྟ་འདོམས་ཅུས་ལ་སྙན་སེང་ཞུ་གི་ཡོད། མིག་སྔར་སྙན་སེང་ཞུས་པའི་གནད་དོན་40ལྷག་ཙམ་ཚང་མ་སྤྱིར་ན་དག་ཐེར་བྱས་ཟིན་ཡོད། ཕྱིས་སུ་ལས་སྟེགས་དེའི་མཉམ་ལས་ཕྱོགས་ཀྱིས་ད་དུང་རིག་ནུས་བརྙན་ལམ་གྱི་དབྱེ་ཞིབ་ནུས་པ་གསར་སྤེལ་བྱས་ཏེ། བརྙན་ལམ་ནང་ནས་ཞྭ་མོ་དང་ཁ་རས་གྱོན་ཡོད་མེད་སོགས་ལ་དབྱེ་ཞིབ་བྱ་རྒྱུ་མ་ཟད། སྔོན་བརྡ་བཏང་སྟེ་རིག་ནུས་ལྟ་འདོམས་བྱེད་པའི་དམིགས་ཚད་མངོན་འགྱུར་ཡོང་བ་བྱ་རྒྱུ་རེད།
     གོམ་སྟབས་རྗེས་མར་གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་མུ་མཐུད་སློབ་གྲྭའི་ཟ་ཁང་གི“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”གྱི་ལས་སྟེགས་དྲིལ་བསྒྲགས་ཁྱབ་གདལ་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབས་ནས་ལོ་མཇུག་ཏུ་གྲོང་ཁྱེར་དང་། རྫོང(ཆུས) ཤང(གྲོང་རྡལ)བཅས་གནས་སའི་སློབ་གྲྭའི་ཟ་ཁང“དྲ་སྦྲེལ+ཐབ་ཚང་ཕྱི་གསལ་ནང་གསལ”ཡོང་ཚད་100%ཟིན་པའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།