འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་24ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས།《དུས་རབས་གསར་པར་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་ལ་ཤུགས་སྣོན་
རྒྱག་དགོས་པའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་24ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གིས《དུས་རབས་གསར་པར་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     《བསམ་འཆར》ནང་བཏོན་དོན། མར་ཁེ་སི་རིང་ལུགས་ནི་ང་ཚོས་ཏང་དང་རྒྱལ་ཁབ་འཛུགས་པའི་རྩ་བའི་མཛུབ་ཁྲིད་ཀྱི་བསམ་བློ་དང་། མར་ཁེ་སི་རིང་ལུགས་སློབ་གླིང་ནི་མར་ཁེ་སི་རིང་ལུགས་སློབ་སྦྱོང་དང་། ཞིབ་འཇུག དྲིལ་བསྒྲགས་བཅས་བྱེད་པའི་གཡུལ་ས་གཙོ་བོ། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་ནི་མར་ཁེ་སི་རིང་ལུགས་སློབ་གླིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སྣ་གསོ་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐབས་ལམ་གཙོ་བོ་བཅས་རེད། མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་ནི་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་བྱེད་པའི་བྱེད་ཐབས་གལ་ཆེན་དང་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་འཁུར་བའི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་པའི་ནང་གནས་ཀྱི་བླང་བྱ་ཡིན་པས། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱེད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་འཛུགས་སྐྱོང་བྱེད་པ་དང་། གོང་བུ་འགྲིལ་ཤུགས་དང་སྣེ་ཁྲིད་བྱེད་ནུས་ཆེན་པོ་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འདུ་ཤེས་འཛིན་སྟངས་འཛུགས་སྐྱོང་བྱེད་པ། དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས་21པའི་མར་ཁེ་སི་རིང་ལུགས་སྔར་བས་ཕུན་སུམ་ཚོགས་སུ་དང་འཕེལ་རྒྱས་གཏོང་བ། ཀྲུང་གོའི་སློབ་གྲྭ་ཆེ་མོའི་སྤྱི་ཚོགས་རིང་ལུགས་ཀྱི་རྨང་གཞི་མངོན་པ། གཞོན་ནུ་སློབ་མར་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་མི་རབས་ནས་མི་རབས་གསོ་སྐྱོང་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།
     《བསམ་འཆར》ནང་བཏོན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་དང་ཚན་པ་ཁག་གིས་ཏང་ཀྲུང་དབྱང་གི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བས་འཕེལ་རྒྱས་མྱུར་པོ་བྱུང་བ་དང་ཕྱོགས་ཁག་གི་ལས་དོན་སྐས་རིམ་གསར་པ་ཞིག་ཏུ་སླེབས་ཡོད། དེ་དང་ཆབས་ཅིག་དུས་རབས་གསར་པ་དང་བླང་བྱ་གསར་པ་དང་བསྡུར་ཚེ་མར་ཁེ་སི་རིང་ལུགས་སློབ་གླིང་གིས་སློབ་གསོ་སློབ་ཁྲིད་དང་། ཞིབ་འཇུག་དྲིལ་བསྒྲགས། དཔུང་ཁག་འཛུགས་སྐྱོང་། ཤེས་ལྡན་པ་གསོ་སྐྱོང་སོགས་ཐད་ད་དུང་ཡང་ཧེ་བག་གནས་པ་དང་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་འཛུགས་སྐྱོང་ཐད་ད་དུང་ཤུགས་སྣོན་རྒྱག་དགོས།
     《བསམ་འཆར》ནང་གསལ་སྟོན་བྱས་དོན། དུས་རབས་གསར་པའི་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པར་མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱི་སློབ་ཁྲིད་དང་ཞིབ་འཇུག་དེ་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ། འགན་འཁྲི་དང་ལས་འགན་སྔར་བས་ཁ་གསལ་བཟོ་བ་བཅས་བྱས་ནས། ནང་རྒྱས་ཀྱི་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་དང་སྲིད་ཇུས་ཀྱི་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།
     《བསམ་འཆར》ནང་བཏོན་དོན། མར་ཁེ་སི་རིང་ལུགས་སློབ་གླིང་གི་ནང་རྒྱས་ཀྱི་གོང་འཕེལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིག་ཚན་གྱི་ཁ་ཕྱོགས་གཏན་འཁེལ་འཕྱུགས་མེད་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་རིག་ཚན་ཁག་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་སྒྱུར་བཅོས་དང་གསར་གཏོད་བྱེད་པར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཚན་རིག་གི་རྩ་བའི་རིག་པ་འཆད་འགྲེལ། རིན་ཐང་གསར་བཟོ་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་སློབ་ཁྲིད་ཀྱི་ཕན་འབྲས་ཆེ་རུ་གཏོང་དགོས།
     《བསམ་འཆར》ནང་བཏོན་དོན། མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་གི་སྲིད་ཇུས་འདེགས་སྐྱོར་ལམ་སྲོལ་ལ་ཤུགས་སྣོན་རྒྱག་དགོས། མི་སྣ་གསོ་སྐྱོང་གི་གྲུབ་འབྲས་ཚད་གཞིར་བཟུང་སྟེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་རིག་ཚན་གྱི་ཁྱད་ཆོས་མཚོན་པ་དང་། བསམ་བློ་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་སློབ་ཚན་འཁྲིད་པའི་ནང་གནས་བླང་བྱ་དང་མཐུན་པ། དགེ་རྒན་གྱི་ལས་རིགས་འཕེལ་རྒྱས་གཏོང་བར་ཕན་པ་བཅས་ཀྱི་དཔྱད་ཞིབ་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། མར་ཁེ་སི་རིང་ལུགས་སློབ་སྦྱོང་ངོ་མ་དང་། ཤེས་རྟོགས་ངོ་མ། ཡིད་ཆེས་ངོ་མ། བེད་སྤྱོད་ངོ་མ་བཅས་བྱེད་མཁན་དགེ་རྒན་གསོ་སྐྱོང་བྱ་རྒྱུ་དམིགས་ཚད་དུ་བཟུང་ནས་གསོ་སྦྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དགེ་རྒན་འཚར་ལོངས་ཀྱི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།
     《བསམ་འཆར》ནང་ནན་བཤད་བྱས་དོན། ཏང་གིས་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་རྒྱག་དགོས། རིམ་ཁག་ཏང་ཨུད་ཀྱིས་མར་ཁེ་སི་རིང་ལུགས་སློབ་གླིང་འཛུགས་སྐྱོང་བྱ་རྒྱུ་དེ་གནས་བབ་གལ་ཆེན་ཐོག་བཞག་ནས་འགོ་ཁྲིད་ལ་ཤུགས་སྣོན་དང་སྤྱི་འདོམས་འཆར་འགོད་བྱེད་དགོས།