འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་19ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་རྒན་རྒོན་གྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་19ཉིན། 16:17】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་སྲིད་གཞུང་གིས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལས་དོན་སྔར་བས་ཚད་ལྡན་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་ནན་ཏན་བྱས་ནས་ནུས་པ་འཐུས་སྒོ་ཚང་བ་དང་། གཞི་ཁྱོན་ཚད་དང་ལྡན་པ། ཁྱབ་རྒྱ་ཆེ་བ། སྡེ་ཁུལ་གྱི་ཁྱིམ་ཚང་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར། སྨན་བཅོས་ལུས་གསོ་ཟུང་འབྲེལ་བཅས་ཀྱི་རྒན་གསོའི་ཞབས་ཞུའི་མ་ལག་སྐྲུན་པའི་ནང་ཞུགས་པ། རྒན་རྒོན་གྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་དང་ཞིང་ཆེན་ནོར་སྲིད་ཐིང་གིས《སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྲོད་ནས་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ལག་བསྟར་བྱ་ཐབས》2014ལོའི་དཔར་མར་བཟོ་བཅོས་བརྒྱབ་ནས་བཀྲམ་པ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ལག་བསྟར་བྱ་ཐབས》དེ་2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
     གསར་དུ་བཟོ་བཅོས་བརྒྱབ་པའི《ལག་བསྟར་བྱ་ཐབས》ནང་ཞན་ཆ་སེལ་རྒྱུ་དང་མཁོ་སྤྲོད་ལེགས་སུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོད། ཉོ་སྒྲུབ་ཞབས་ཞུའི་ཁ་གསབ་སྤྱོད་མཁན་ཁ་གསལ་བཟོས་པ་དང་། གཙོ་གནད་ཞབས་ཞུའི་ཚོགས་སྤྱི་འབུར་དུ་ཐོན་པ། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་བཏང་བ། ཞབས་ཞུའི་རྣམ་གྲངས་ཁ་གསལ་བཟོས་པ། མ་དངུལ་ཡོང་ཁུངས་ལེགས་སྒྲིག་བྱས་པ། དཀའ་ངལ་ཡོད་པ་དང་ལོ་ན་མཐོ་བའི་རྒན་རྒོན་གྱི་གཞི་རྩའི་རྒན་གསོའི་ཞབས་ཞུའི་དགོས་མཁོ་འགན་ལེན་བྱས་པ་དང་དུས་མཚུངས། གཙོ་གནད་ཐོག་གཟུགས་པོ་སྐྱོ་བའི་རྒན་རྒོན་ཚོགས་སྤྱིར་ལྟ་སྐྱོང་བྱས་ཏེ། ས་གནས་ཁག་གིས་སྲིད་གཞུང་གི་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་ལས་དོན་བསྒྲུབ་རྒྱུར་ཁ་ཕྱོགས་གསལ་སྟོན་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁྱིམ་སྡོད་སྡེ་ཁུལ་དང་སྒྲིག་གཞིའི་རྒན་གསོའི་ཞབས་ཞུ་སྔར་བས་ལེགས་སུ་གཏོང་རྒྱུར་ལམ་ལུགས་ཀྱི་འདེགས་སྐྱོར་བྱས་ཡོད།
     གསར་དུ་བཟོ་བཅོས་བརྒྱབ་པའི《ལག་བསྟར་བྱ་ཐབས》ནང་ཁ་གསབ་མཐོ་རུ་གཏོང་རྒྱུ་དང་ལྟ་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་མངོན་གསལ་དོད་པོ་ཡོད། རང་ལོ་ཧྲིལ་པོ་ལོ་60སླེབས་པ་དང་དེ་ཡན་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་དང་། རང་ལོ་ཧྲིལ་པོ་ལོ་80ཡན་དུ་སླེབས་པ་དང་སྤྱི་ཚོགས་རྒན་རྒོན་གྱི་ཁྱིམ་ཚང་དང་སྡེ་ཁུལ་གྱི་རྒན་གསོའི་ཞབས་ཞུའི་ཁ་གསབ་ཚད་གཞི་དང་རང་ལོ་ཧྲིལ་པོ་ལོ་80ཡན་གྱི་སྤྱི་ཚོགས་རྒན་རྒོན་སྒྲིག་གཞིའི་རྒན་གསོའི་ཁ་གསབ་ཚད་གཞི་དེ་ངལ་ནུས་ཤོར་ཚད་ཡང་བ་དང་། འབྲིང་བ། ལྕི་བ་བཅས་ལ་གཞིགས་ནས་སྔ་ཡོད་ཀྱི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་སྒོར་10དང་། སྒོར་30 སྒོར་60བཅས་སོ་སོར་སྤོར་རྒྱུ་རེད། རང་ལོ་ཧྲིལ་པོ་ལོ་60སླེབས་པ་དང་དེ་ཡན་གྱི་དཀའ་ངལ་ཡོད་པའི་རྒན་རྒོན་གྱི་སྒྲིག་གཞིའི་རྒན་གསོའི་ཁ་གསབ་ཚད་གཞི་དེ་ངལ་ནུས་ཤོར་ཚད་ཡང་བ་དང་། འབྲིང་བ། ལྕི་བ་བཅས་ལ་གཞིགས་ནས་སྔར་ཡོད་ཀྱི་ཁ་གསབ་ཚད་གཞིའི་རྨང་གཞིའི་ཐོག་སྒོར་20དང་། སྒོར་50 སྒོར་90བཅས་སོ་སོར་སྤོར་རྒྱུ་རེད།