འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།《ལྷ་ས་གྲོང་ཁྱེར་གྱི་ཁྱི་གསོའི་དོ་དམ་སྲོལ་ཡིག》ཁྱབ་བསྒྲགས་བྱས།  

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:19】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཁྱི་གསོའི་བྱ་སྤྱོད་སྔར་བས་ཚད་ལྡན་དུ་བཏང་ནས་སྤྱི་དམངས་ཀྱི་བདེ་ཐང་དང་མི་ལུས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། གྲོང་ཁྱེར་གྱི་ཁོར་ཡུག་འཕྲོད་བསྟེན་དང་སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་གཞིར་བཟུང་། ལྷ་ས་གྲོང་ཁྱེར་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉིན་ཤས་གོང《ལྷ་ས་གྲོང་ཁྱེར་གྱི་ཁྱི་གསོའི་དོ་དམ་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཁྱབ་བསྒྲགས་བྱས་ནས་ལག་བསྟར་བྱས་པའི《སྲོལ་ཡིག》དེ་སྔར་བས་ཞིབ་ཕྲ་དང་སྔར་བས་ནན་པོ་ཡོད་པ་དང་། ཁྱི་གསོ་བའི་བྱ་སྤྱོད་ཚད་ལྡན་བཟོ་བ་དང་འབྲེལ་ཡོད་གཉེར་སྐྱོང་བྱེད་སྒོ་གཏན་འབེབས་ཞིབ་ཕྲ་བྱས་པ་མ་ཟད། ཁྲིམས་འགལ་ངང་ཁྱི་གསོ་བར་ཆད་གཅོད་བྱེད་ཤུགས་ཆེ་རུ་བཏང་བ་དང་། གྲོང་མིའི་ཚུལ་ལྡན་སྒོས་ཁྱི་གསོ་སྲོལ་དར་སྤེལ་དང་ཁྱི་གསོ་སྟངས་ཚད་ལྡན་བཟོས་ཏེ་སྒྲིག་འགལ་ངང་ཁྱི་གསོ་བའི་བྱེད་སྤྱོད་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་རྒྱུ་ཡིན་པ་རེད། 
     ས་ཁོངས་དབྱེ་ནས་དོ་དམ་བྱེད་པ་དང་། བཙན་ཤེད་ཀྱིས་འགོག་ཁབ་རྒྱག་པ་དང་ཐོ་འགོད་ལམ་ལུགས་ལག་བསྟར་བྱེད་པ།
     གསར་འགོད་པས་ཤེས་རྟོགས་བྱུང་བར།《སྲོལ་ཡིག》གི་གཏན་འབེབས་ལྟར་ན། ལྷ་ས་གྲོང་ཁྱེར་དུ་ཁྱི་གསོ་བར་ཁྱི་གསོ་མི་ཆོག་པའི་ཁུལ་དང་། གཙོ་གནད་དོ་དམ་ཁུལ། སྤྱིར་བཏང་དོ་དམ་ཁུལ་བཅས་ས་ཁོངས་ཕྱེ་ནས་དོ་དམ་བྱེད་ཀྱི་ཡོད་པ་རེད། ཁྱི་གསོ་མི་ཆོག་པའི་ཁུལ་དཔེར་ན་ལས་ཁུངས་ཀྱི་གཞུང་ལས་ཁུལ་དང་། སྨན་ཁང་། བུ་བཅོལ་ཁང་། སློབ་གྲྭའི་སློབ་ཁྲིད་ཁུལ། སློབ་མའི་ཉལ་ཁང་། རྒན་གསོ་ཁང་སོགས་སུ་གསོ་ཚགས་དང་། གསོ་འཕེལ། གཉེར་སྐྱོང་བཅས་བྱེད་མི་ཆོག(ལོང་བ་དང་རྐང་ལག་སྐྱོན་ཅན་སོགས་ལ་རོགས་རམ་བྱེད་པའི་ཁྱི་སོགས་ཕུད) གཙོ་གནད་དོ་དམ་ཁུལ(གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ས་མཚམས་བཅད་ནས་སྤྱི་ཚོགས་ལ་ཁྱབ་བསྒྲགས་བྱེད་དགོས)གྱིས་ཁྱི་སྨྱོན་ནད་དུག་འགོག་ཁབ་རྒྱག་པ་དང་ཁྱི་གསོ་བར་ཐོ་འགོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། སྤྱིར་བཏང་གི་དོ་དམ་ཁུལ(ཁྱི་གསོ་གཏན་འགོག་ཁུལ་དང་གཙོ་གནད་དོ་དམ་ཁུལ་ཕུད་པའི་ས་ཁོངས)དུ་ཁྱི་སྨྱོན་ནད་དུག་འགོག་ཁབ་རྒྱག་པའི་ལམ་ལུགས་ལག་བསྟར་བྱེད་དགོས། 
     ཁྱི་གསོ་མཁན་གྱིས་ངེས་པར་དུ་ཁྱི་སྐྱེས་ནས་ཟླ་བ་གསུམ་ལོངས་ནས་ཉིན་བཅོ་ལྔའི་ནང་ཚུན་དུ་ཁྱི་ཁྱེར་ནས་ཞིང་ལས་དང་གྲོང་གསེབ་ཀྱི་སྡེ་ཁག་ཏུ་བཙུགས་པའམ་ཡང་ན་མངགས་བཅོལ་བྱས་པའི་རིམས་འགོག་བྱེད་གནས་སུ་ཁྱི་སྨྱོན་ནད་དུག་འགོག་ཁབ་བརྒྱབ་ནས་ཁྱིའི་རིགས་ཀྱི་རིམས་འགོག་དཔང་ཡིག་ལེན་དགོས། ཁྱིའི་རིགས་ཀྱི་རིམས་འགོག་དཔང་ཡིག་བླངས་ཡོད་ན། ཁྱི་གསོ་མཁན་གྱིས་རིམས་འགོག་དུས་ཡུན་མ་ལོངས་སྔོན་དུ་ཡང་བསྐྱར་ཁྱིའི་རིགས་ལ་རིམས་འགོག་བྱེད་དགོས། གཙོ་གནད་དོ་དམ་ཁུལ་གྱི་ཁྱི་གསོ་མཁན་གྱིས་ཁྱིའི་རིགས་ཀྱི་རིམས་འགོག་དཔང་ཡིག་བླངས་ཉིན་ནས་བཟུང་གི་ཉིན་ཉི་ཤུའི་ནང་། སྤྱི་བདེ་ལས་ཁུངས་ལ་ཁྱི་གསོའི་ཐོ་འགོད་རེ་ཞུ་བྱས་ནས་ཁྱི་གསོའི་ཐོ་འགོད་ལག་ཁྱེར་ལེན་དགོས། 
     ཁྲིམས་ལྟར་ཚུལ་ལྡན་གྱིས་ཁྱི་གསོ་བ་དང་། 《སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ནན་པོ་ཞུ་དགོས། 
     《སྲོལ་ཡིག》ནང་། ཁྱི་གསོ་མཁན་གྱིས་ཁྲིམས་ལྟར་ཁྱི་གསོ་དགོས་པ་དང་། ཚུལ་ལྡན་གྱིས་ཁྱི་གསོ་དགོས་པ་ལས། སྡོད་གནས་མཉམ་སྤྱོད་ཁུལ་དུ་ཁྱི་གསོ་མི་ཆོག་པ་དང་། མི་གཞན་གྱི་རྒྱུན་གཏན་གྱི་ལས་ཀ་དང་འཚོ་བར་འགོག་རྐྱེན་བཟོ་མི་ཆོག སྤྱི་པའི་འཕྲོད་བསྟེན་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་མི་ཆོག་པ་སོགས་ཁ་གསལ་བཏོན་ཡོད། དེ་དང་ཆབས་ཅིག ཁྱི་གསོ་མཁན་གྱིས་ཁྱི་ཁྲིད་ནས་དཔེ་མཛོད་ཁང་དང་། རྟེན་རྫས་བཤམས་མཛོད་ཁང་། དྲན་གསོ་ཁང་། ལུས་རྩལ་ཁང་སོགས་སྤྱི་པའི་རིག་གནས་ལུས་རྩལ་ཐང་དང་དེ་བཞིན《སྲོལ་ཡིག》ནང་གཏན་འབེབས་བྱས་པའི་ཁྱི་གསོ་མི་ཆོག་པའི་ཁུལ་གཞན་དག(ལོང་བ་དང་རྐང་ལག་སྐྱོན་ཅན་སོགས་ལ་རོགས་རམ་བྱེད་པའི་ཁྱི་སོགས་ཕུད)བཅས་ཚུད་ཡོད། 
     《སྲོལ་ཡིག》གི་གཏན་འབེབས་དང་འགལ་ན། དུས་བཀག་ནང་ཡོ་བསྲང་བྱེད་འཇུག་པའམ་ཡང་ན་དངུལ་ཆད་གཅོད་རྒྱུ་ཡིན། 
     ཚུལ་ལྡན་གྱིས་ཁྱི་གསོ་བ་ནི་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་འོས་འགན་ཞིག་ཡིན་ལ། ཁྱི་གསོ་བར་དགོས་ངེས་ཀྱི་སྤྱི་ཚོགས་ཀུན་སྤྱོད་ཅིག་ཀྱང་ཡིན་པས། གྲོང་ཁྱེར་གྱི་ཤེས་དཔལ་ཆུ་ཚད་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཀྱང་ཡིན། ངོ་སྤྲོད་བྱས་པར་གཞིགས་ན། ཁྱི་གསོ་མཁན《སྲོལ་ཡིག》འདིའི་གཏན་འབེབས་དང་འགལ་ཏེ། ཁྱི་གསོ་གཏན་འགོག་ཁུལ་དུ་ཁྱི་གསོ་སྤེལ་དང་གཉེར་སྐྱོང་བྱེད་པའམ་ཡང་ན། གཙོ་གནད་དོ་དམ་ཁུལ་དུ་གཏན་འགོག་བྱས་པའི་ཁྱི་གསོ་ཚགས་དང་གསོ་སྤེལ། གཉེར་སྐྱོང་བྱེད་པ། གཏན་འབེབས་ལྟར་ཁྱིར་འགོག་ཁབ་མ་བརྒྱབ་པ། ཁྱི་གསོ་ཐོ་འགོད་དང་རྒྱུན་བསྲིངས་བའི་འགྲོ་ལུགས་གཉེར་མེད་པ། དེ་བཞིན་ཁྱི་གསོ་མཁན་གྱིས་ཁྱིའི་འདོགས་ཐག་དང་ཐག་པས་ཁྲིད་མེད་པ། ཁྱི་ཁྲིད་ནས་གཏན་འགོག་གི་ས་གནས་དང་ས་ཁོངས་སུ་སོང་བ། མི་རྣམས་ཀྱི་རྒྱུན་ལྡན་གྱི་ལས་ཀ་དང་འཚོ་བར་བར་ཆད་བཟོ་བ་བཅས་ལ་སྤྱི་བདེ་ལས་ཁུངས་དང་འབྲེལ་ཡོད་སྡེ་ཚན་གྱིས་དུས་བཀག་ནང་ཡོད་བསྲང་བྱེད་དུ་འཇུག་རྒྱུ་དང་། དུས་ལས་ཡོལ་ཡང་ཡོ་བསྲང་མ་བྱས་ཚེ་འབྲེལ་ཡོད་གཏན་འབེབས་ལྟར་དངུལ་ཆད་སྒོར་100ནས་སྒོར་3000མན་གྱི་ཆད་པ་གཅོད་རྒྱུ་རེད། 
     “གོམ་སྟབས་རྗེས་མར་ང་ཚོས་རྒྱུན་གཏན་གྱི་སྐོར་ཞིབ་ལ་ཤུགས་བརྒྱབ་ནས་སློབ་གསོ་བཏང་ནས་ཡོ་བསྲང་བྱེད་པ་དང་ཁྲིམས་འཛིན་ནན་པོ་བྱ་རྒྱུ་ཟུང་འབྲེལ་བྱས་ཏེ། གཙོ་གནད་ཁུལ་དང་ས་ཁོངས་ཀྱི་ཁྱི་གསོ་དོ་དམ་བྱ་ཤུགས་ཆེ་རུ་བཏང་བ་དང་། ལྷག་པར་དུ་སྤྱི་པའི་འདུ་གནས་དང་མི་མང་འཛོམས་ཁུལ་གྱི་དོ་དམ་དང་ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་བཏང་ནས། ཚུལ་ལྡན་མིན་པ་དང་ཁྲིམས་འགལ་ངང་ཁྱི་གསོ་བའི་བྱེད་སྤྱོད་ཡོ་བསྲང་བྱས་ཏེ་ཚུལ་ལྡན་གྱིས་ཁྱི་གསོ་བའི་སྤྱི་ཚོགས་ཀྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་ཡིན”ཞེས་ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་བདེ་འཇགས་དོ་དམ་ཡན་ལག་རུ་ཁག་གི་འབྲེལ་ཡོད་འགན་འཁུར་བས་བཤད།