འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་18ཉིན།

༄༅།།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ཁེ་ལས་ཀྱིས་ཐོན་ལས་བོད་སྐྱོར་ལ་མ་དངུལ་སྒོར་དུང་ཕྱུར་1342བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་18ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་16ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་རྒྱུ་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། ཉེ་བའི་ལོ་ཤས་རིང་གཞུང་རྒྱུ་ཨུ་ལྷན་གྱིས་ཀྲུང་དབྱང་ཁེ་ལས་ཀྱིས་རྒྱུན་མཐུད་ངང་བོད་ཀྱི་ཐོན་ལས་འཕེལ་རྒྱས་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་སོགས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུར་སྐུལ་འདེད་བཏང་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པ་རེད།
     ཀྲུང་དབྱང་ཁེ་ལས་ཀྱིས་རང་ངོས་ཀྱི་ཐོན་ལས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས། བོད་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ། བོད་ཀྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་ལ་རམ་འདེགས་བྱས་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བྱས་ན། བོད་ལ་མ་དངུལ་སྒོར་དུང་ཕྱུར་1342བཏང་སྟེ་ཐོན་ལས་རྣམ་གྲངས་9900ལག་ལེན་བསྟར་ཡོད། 2020ལོའི་ལོ་མཇུག་བར་བོད་དུ་ཡོད་པའི་ཀྲུང་དབྱང་ཁེ་ལས་ཀྱི་ཡན་ལག་དང་ཉིང་ལག་སྒྲིག་གཞི་170ཟིན་པ་དང་། རྒྱུ་ནོར་དངུལ་འབོར་སྒོར་དུང་ཕྱུར་2128ཟིན་པ། ལས་ཐོག་ལས་མི་ཁྲི་2ཟིན་པའི་ནང་གྲངས་ཉུང་མི་རིགས་ཀྱི་ལས་མི་ཁྲི་1.3ཟིན་གྱི་ཡོད།
     “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ཁེ་ལས་ཀྱིས“དམངས་ཕྱུག་བོད་དར་ལ་རམ་འདེགས་བྱེད་པའི”བྱེད་སྒོ་གཏིང་ཟབ་སྤེལ་ནས་ནུས་རྒྱུ་གཙང་མ་གསར་སྤེལ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཁྱབ་ཁོངས་སུ་མ་འཇོག་འཛུགས་སྐྲུན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་རིམ་རྩིས་བྱས་ན་བོད་དུ་སྣུམ་དང་། སོལ་རླངས། མདོང་ལམ། དྲ་རྒྱ། ཆུ། གློག ལམ། གནམ་ཐང་། ཟམ་པ། ཕུག་ལམ་སོགས་རྨང་གཞིའི་སྒྲིག་བཀོད་ལས་གྲྭའི་རྣམ་གྲངས་ཆེ་གྲས་3585ལག་ལེན་བསྟར་བར་རྣམ་གྲངས་ཀྱི་གན་རྒྱའི་དངུལ་འབོར་སྒོར་དུང་ཕྱུར་3417ཟིན་ཡོད་པ་རེད།
     བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱ་ཆེད།“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཀྲུང་དབྱང་ཁེ་ལས་ཀྱིས་རོགས་སྐྱོར་མ་དངུལ་སྣ་ཚོགས་སྒོར་དུང་ཕྱུར་45.3བཏང་ནས་འཛད་སྤྱོད་རོགས་སྐྱོར་སྒོར་དུང་ཕྱུར་28.5བྱས་པ་རེད། དེ་དང་དུས་མཚུངས་ཀྲུང་དབྱང་ཁེ་ལས་ཀྱིས་རིམ་རྩིས་བྱས་ན་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་སྣ་ཚོགས་1968འདེམས་གཏོང་བྱས་ཏེ་རིམ་རྩིས་བྱས་ན་བོད་ལྗོངས་ཀྱི་ལས་བྱེད་པ་དང་ཤེས་ལྡན་མི་སྣ་མི་ཐེངས་ཁྲི་1.4གསོ་སྦྱོང་བྱས་པ་དང་འབྲེལ། “བོད་ཀྱི་ཕུལ་བྱུང་ལས་བྱེད་པ་ཀྲུང་དབྱང་ཁེ་ལས་སུ་སྐྱོད་པ”སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད།