འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་17ཉིན།

༄༅།།མཚོ་སྔོན་ཞིང་ཆེན་ནས་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་གསར་པ་2955ཤེས་རྟོགས་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་17ཉིན། 13:18】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་གནས་ཚུལ་སྤེལ་གསལ། 2019ལོའི་ལོ་མཇུག་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་རིག་གནས་དང་ཡུལ་སྐོར་གྱི་ཐོན་ཁུངས་ཡོངས་བཤེར་ལས་དོན་སྤེལ་བ་དང་། མིག་སྔའི་བར། ཞིང་ཆེན་ཡོངས་ཀྱི་རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)45ཡིས་རིགས་གཙོ་བོ་10ཡི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་16146ལ་བརྟག་དཔྱད་གདེང་འཇོག་བྱས་པའི་ནང་གསར་དུ་ཤེས་རྟོགས་བྱུང་བའི་ཐོན་ཁུངས་ཀྱི་གནས་2955ཡིས་ཐོན་ཁུངས་བསྡོམས་འབོར་གྱི་18.3%བཟུང་ཡོད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་ཆེན་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་ཚུལ་ཕྱོགས་ཡོངས་ནས་མཐིལ་རྟོགས་བྱེད་པ་དང་། རིམ་ཁག་ཡུལ་སྐོར་འཆར་འགོད་སྒྲིག་གཞི་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱེད་པ། མཚོ་སྔོན་རིག་གནས་ཡུལ་སྐོར་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་ཆེད། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་འགོ་ཁྲིད་འོག་དང་འབྲེལ་ཡོད་སྡེ་ཚན་གྱི་ཤུགས་ཆེན་རྒྱབ་སྐྱོར་འོག 2019ལོའི་ལོ་མཇུག་ཏུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་གྱི་ཡོངས་བཤེར་ལས་དོན(གཤམ་དུ་ཐོན་ཁུངས་ཡོངས་བཤེར་ཞེས་བསྡུ་རྒྱུ)དངོས་སུ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱས་པ་རེད། ད་ཐེངས་ཀྱི་ཐོན་ཁུངས་ཡོངས་བཤེར་དེ་ཞིང་ཆེན་ཡོངས་ཀྱི་ཀྲོའུ་6དང་། གྲོང་ཁྱེར་2 རྫོང(གྲོང་ཁྱེར་དང་། ཆུས། སྲིད་འཛིན་ཨུ་ལྷན)45བཅས་སུ་ཁྱབ་ཡོད་པ་རེད།
     ད་ཐེངས་ཀྱི་ཐོན་ཁུངས་ཡོངས་བཤེར་ལས་དོན་ཡག་པོ་བསྒྲུབ་ཆེད། ཞིང་ཆེན་དང་གྲོང་ཁྱེར(ཀྲོའུ)ནས་རྫོང་བར་རིམ་པ་གསུམ་གྱི་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཡོངས་བཤེར་གྱི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་རིགས་དབྱེ་དང་། བརྟག་དཔྱད། གདེང་འཇོག》བཅས་ཀྱི་ལག་རྩལ་ཚད་གཞི་བཟོས་པ་དང་། ཞིང་ཆེན་ཕྱི་ནང་དུ་ཚན་པ་ལག་བསྟར་ཟུང་འབྲེལ་དང་། ཕྱི་ལས་བརྟག་དཔྱད་དང་ནང་ལས་ཐག་གཅོད་བྱེད་པའི་ལག་བསྟར་ཟུང་འབྲེལ་གྱི་ལས་ཀའི་རྣམ་པ་བཏོད་པ། “རིམ་མང་སྤུས་ཚད་ལྟ་སྐུལ་ཚོད་འཛིན”གྱི་སྦྲེལ་ཐག་རྣམ་པའི་དོ་དམ་སོགས་ཀྱི་བྱ་ཐབས་ལ་བརྩི་སྲུང་ཞུས་ནས་ཡོངས་བཤེར་བྱས་ཡོད། མཐར་རིགས་གཙོ་བོ་10ཡི་རིག་གནས་དང་ཡུལ་སྐོར་ཐོན་ཁུངས་ཀྱི་གནས་16146ལ་བརྟག་དཔྱད་གདེང་འཇོག་བྱས་པ་དང་། དེའི་ནང་ས་ཁམས་མཛེས་ལྗོངས་གནས་2816དང་། ཆུ་ཁོངས་མཛེས་ལྗོངས་ཀྱི་གནས་1948 སྐྱེ་དངོས་མཛེས་ལྗོངས་ཀྱི་གནས་1087 ནམ་དུས་དང་གནམ་གཤིས་ཀྱི་མཛེས་ལྗོངས་གནས་140 སྐྲུན་དངོས་རིག་གནས་དང་སྒྲིག་ཆས་ཀྱི་གནས་5311 མངོན་མིན་རིག་གནས་ཤུལ་བཞག་གི་གནས་2338 དངོས་རྫས་ཡུལ་སྐོར་ཉོ་སྒྲུབ་ཀྱི་གནས་500 མི་ཆོས་བྱེད་སྒོའི་གནས་459 རིག་དངོས་ཀྱི་གནས་1263 རིག་གནས་དང་འབྲེལ་བ་ཡོད་པའི་སྒྲིག་གཞི་དང་ཐོན་ལས་ཀྱི་གནས་284བཅས་ཡོད་པ་རེད། རིམ་པ་ལྔ་པའི་ཐོན་ཁུངས་ཀྱི་གནས་162དང་། རིམ་པ་བཞི་པའི་ཐོན་ཁུངས་ཀྱི་གནས་576 རིམ་པ་གསུམ་པའི་ཐོན་ཁུངས་ཀྱི་གནས་2858 རིམ་པ་གཉིས་པའི་ཐོན་ཁུངས་ཀྱི་གནས་6125 རིམ་པ་དང་པོའི་ཐོན་ཁུངས་ཀྱི་གནས་6425བཅས་ལ་ཕྱོགས་བསྡུས་གདེང་འཇོག་བྱས་ཡོད། ཐོན་ཁུངས་ཚང་མའི་ནང་ཕུལ་བྱུང་རིམ་པའི་ཐོན་ཁུངས་ཁྱོན་3596ཡོད་པ་དང་ཐོན་ཁུངས་བསྡོམས་འབོར་གྱི་22.3%བཟུང་བ་དང་། གསར་དུ་ཤེས་རྟོགས་བྱུང་བའི་ཐོན་ཁུངས་ཀྱི་གནས་2955ཡིས་ཐོན་ཁུངས་བསྡོམས་འབོར་གྱི་18.3%བཟུང་ཡོད་པ་རེད།