འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།“བོད་ལུགས་ལྗིད་འདེགས”ལས་སྤྲོ་སྣང་དང་སྟོབས་ཤུགས་མངོན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ད་ལྟ་སྤེལ་བཞིན་པའི་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པའི་ཐོག་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་ཡི་བདམས་ཐོན་པ་ཨ་སི་ཡིས་ཕུ་ཐུང་བརྫེས་ནས་ཤེད་ཤུགས་ཡོད་ཚད་བཏོན་ཏེ་བྱེ་སྒྱེ་པུས་མོའི་སྟེང་དུ་འགྱོག་བཞིན་འདུག རྩལ་ཁྲིད་པ་དང་རུ་མི་ཚོའི“ཤུགས་རྒྱོབ། ཤུགས་རྒྱོབ”ཅེས་པའི་དགའ་འབོད་ཀྱི་སྒྲའི་ཁྲོད་ཁོང་གིས་དབུགས་ཤུགས་ཆེན་ཞིག་བརྔུབས་ཏེ་ཤུགས་ཡོད་ཚད་ཀྱིས་བྱེ་སྒྱེ་ཕྲག་པར་བཏེགས་ནས་མཇུག་སྣེ་བར་བསྐྱོད་པས་འགྲན་ར་ཡོངས་སུ་དགའ་བའི་འབོད་སྒྲས་ཁེངས།
     བྱེ་སྒྱེ་འགྱོག་པ་ནི་བོད་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་ཤིག་རེད། བོད་རིགས་མང་ཚོགས་ཀྱིས་ཐོན་སྐྱེད་དང་འཚོ་བའི་ཁྲོད་དངོས་ཟོག་དོ་པོ་ཁལ་མར་འགེལ་དགོས་པས་ཕྱིས་སུ་རིམ་བཞིན་ལུས་རྩལ་རྣམ་གྲངས་འདི་དར་བ་རེད། བོད་འབྲེལ་ས་ཁུལ་གྱི་རྟ་རྒྱུག་འགྲན་བསྡུར་སོགས་དུས་སྟོན་སྐབས་བྱེ་སྒྱེ་འགྱོག་པའི་འགྲན་བསྡུར་བྱས་ནས་བོད་རིགས་ན་གཞོན་ཚོའི་སྟོབས་ཤུགས་ངོམ་གྱི་ཡོད།
     འགྲན་བསྡུར་སྐབས་བདམས་ཐོན་པས་གྲུ་བཞི་ལྷམ་པའི་དབྱིབས་ཀྱི་བྱེ་སྒྱེ་བཀྱགས་ཏེ་ཐོན་ས་ནས་སྨི་གཉིས་ཀྱི་སར་ཡོད་པའི་མཇུག་སྣེར་བསྐྱོད་དགོས་པ་དང་། དེ་རྗེས་བྱེ་སྒྱེ་གནད་འཁེལ་པོས་མཇུག་སྣེའི་སྒོར་དབྱིབས་ནང་འཇོག་དགོས། བྱེ་སྒྱེ་རེ་རེའི་ལྗིད་ཚད་ལ་སྤྱི་རྒྱ་90ནས་150བར་མི་འདྲ་བ་ཡོད་པ་དང་། བདམས་ཐོན་པར་གོ་སྐབས་ཐེངས་གསུམ་ཡོད་ཅིང་། བྱེ་སྒྱེ་བཀྱགས་ནས་མཇུག་སྣེར་གནད་འཁེལ་པོས་འཇོག་ཐུབ་མཁན་ལ་རྒྱལ་ཁ་ཐོབ་པར་བརྩི་གི་ཡོད། དེར་བརྟེན་རྣམ་གྲངས་དེར“བོད་ལུགས་ལྗིད་འདེགས”ཞེས་ཀྱང་འབོད་སྲོལ་ཡོད།
     ཚེས་13ཉིན་གྱི་འགྲན་བསྡུར་ནང་ཨ་སི་ཡིས་སྤྱི་རྒྱ་110ཡི་གྲུབ་འབྲས་ཐོག་ནས་སྤྱི་རྒྱ་65རིམ་པའི་ཨང་དང་པོ་བླངས་པ་རེད། ཨང་དང་པོ་ཐོབ་རྗེས་ལོ་23ལ་སླེབས་པའི་ཨ་སིའི་ངོ་གདོང་ནས་དགའ་བའི་འཛུམ་མདངས་འཕྱུར་བཞིན“ཐོག་མར་ངས་བྱེ་སྒྱེ་འགྱོག་པའི་བརྙན་ཐུང་མཐོང་བྱུང་། ཁོང་ཚོས་ག་ལེར་རང་ཉིད་ལས་ལྕི་བའི་བྱེ་སྒྱེ་བཀྱགས་པ་མ་ཟད། གཟུགས་སྟོབས་ཆེ་བར་ང་རང་ཡིད་སྨོན་ཆེན་པོ་སྐྱེས་བྱུང་བས་ངས་སྦྱོང་བརྡར་བྱས་པ་ཡིན”ཞེས་བཤད།
     འགྲན་བསྡུར་ཞིག་གི་ཁྲོད་དུ་ཤེད་ཤུགས་ཆེ་བའི་ཨ་སི་རྩལ་སློབ་དགེ་རྒན་ལ་དོ་སྣང་བྱུང་ནས་ལུས་རྩལ་པར་བདམས་ཏེ། གོ་རིམ་ལྡན་པའི་སྦྱོང་བརྡར་སྤྲས། སྐབས་འདིའི་མཚོ་སྔོན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་ལ་ཞུགས་ཆེད་ཨ་སི་ཡིས་སྦྱོང་བརྡར་ཟླ་བ་གཉིས་ཙམ་བྱས་པ་རེད།
     སྐབས་འདིའི་བྱེ་སྒྱེ་འགྱོག་པའི་རྣམ་གྲངས་ལ་ལྗིད་ཚད་རིམ་པ་5ཡོད་ཅིང་། ཨ་སི་གནས་སའི་ཡུལ་ཤུལ་ཀྲོའུ་ཡི་འཐུས་མི་རུ་ཁག་གིས་སྤྱི་རྒྱ་65དང་། སྤྱི་རྒྱ་75 སྤྱི་རྒྱ་85 སྤྱི་རྒྱ་90ཡན་བཅས་ཀྱི་རིམ་པ་བཞི་ཀར་ཨང་དང་པོ་བླངས་པ་རེད། རུ་སྣེ་ཁྲིད་མཁན་ཀུན་དགའ་ཆོས་འབྲུག་གིས་རྣམ་གྲངས་འདིའི་ཐད་ཡུལ་ཤུལ་ཀྲོའུ་ལ་སྟོབས་ཤུགས་ཆེན་པོ་ཡོད། སྐབས་གོང་མའི་ཞིང་ཆེན་མི་རིགས་ལུས་རྩལ་འགྲན་ཚོགས་ཐོག་རིམ་པ་ཚང་མའི་ཨང་དང་པོ་བླངས་པ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
     “ཆུང་དུས་རྩེད་མོ་རྩེ་ས་མང་པོ་མེད། བྱེ་སྒྱེ་འགྱོག་པ་ནི་ང་ཚོའི་ངོས་ནས་བརྗོད་ན་ཧ་ཅང་སྤྲོ་སྣང་ལྡན་པའི་རོལ་རྩེད་ཅིག་རེད”ཅེས་ཀུན་དགའ་ཆོས་འབྲུག་གིས་བཤད་ཅིང་། ཁོང་གིས་ང་ལོ་བདུན་བརྒྱད་ནས་བཟུང་བྱེ་སྒྱེ་འགྱོག་པའི་རྩེད་མོ་རྩེད་ཀྱི་ཡོད། ཕྱིས་སུ་རྟག་ཏུ་གྲོང་ཚོ་དང་ཤང་གི་འགྲན་བསྡུར་ལ་ཞུགས་པ་ཡིན། གྲོགས་པོ་ཁ་ཤས་ཁྱིམ་དུ་མགྲོན་པོར་སླེབས་ན་རྟག་ཏུ་བྱེ་སྒྱེ་འགྱོག་པའི་འགྲན་བསྡུར་བྱེད་ཀྱི་ཡོད”ཅེས་བཤད།
     ཨ་སིའི་ཁྱིམ་དུ་ཁོ་རང་བྱེ་སྒྱེ་འགྱོག་རྒྱུར་དགའ་པོ་ཡོད་པ་མ་ཟད། ནང་མི་ཕན་ཚུན་ཡང་རྟག་ཏུ་འགྲན་བསྡུར་བྱེད་ཀྱི་ཡོད། ཨ་སིས“བྱེ་སྒྱེ་འགྱོག་པར་ཤེད་ཤུགས་དགོས་པ་མ་ཟད། ཤུགས་རྒྱག་མཁས་པོ་དགོས། སྔོན་ལ་རྐང་པ་བརྟན་པོ་འཛུགས་པ་དང་། དེ་རྗེས་ཤེད་ཤུགས་ཡོད་ཚད་བཏོན་ནས་བྱེ་སྒྱེ་ཕྲག་པར་འགྱོག་དགོས། ཚང་མས་འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་མེད། མང་ཆེ་བ་ནི་བྱེ་སྒྱེ་འགྱོག་པའི་བརྒྱུད་རིམ་ཁྲོད་དུ་སྤྲོ་སྣང་ཆེན་པོ་ལྡན་པས་ཡིན”ཞེས་བཤད།
     ཤེད་ཤུགས་དང་། སེམས་ཤུགས། སྤྲོ་སྣང་སོགས་ལྡན་པའི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་རྣམ་གྲངས་དེར་མཚོ་སྔོན་ཞིང་ཆེན་གྱི་ཡུལ་ཤུལ་དང་མགོ་ལོག་སོགས་བོད་འབྲེལ་ས་ཁུལ་དུ་ཕྲུ་གུ་དེ་བས་མང་བས་དགའ་པོ་བྱེད་ཀྱི་ཡོད། “བྱེ་སྒྱེ་འགྱོག་པའི་རྩལ་ཁྲིད་པ་ཞིག་གི་ངོས་ནས་ངས་འགྲན་བསྡུར་སྣ་ཚོགས་བརྒྱུད་མི་དེ་བས་མང་བ་སྲོལ་རྒྱུན་གྱི་ལུས་རྩལ་རྣམ་གྲངས་འདིའི་ནང་ཞུགས་ནས་ང་ཚོའི‘བོད་ལུགས་ལྗིད་འདེགས’ལུས་རྩལ་རྣམ་གྲངས་འདི་རྒྱུན་འཛིན་དང་དར་སྤེལ་ཡག་པོ་གཏོང་རྒྱུའི་རེ་བ་ཡོད”ཅེས་བཤད།