འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་
རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་པ་དང་འབྲེལ། བརྡ་ཐོ་བཏང་ནས་ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
     《བསམ་འཆར》ནང་བཏོན་དོན། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་སྐུལ་འདེད་གཏོང་བ་དང་སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་དང་། སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོའི་འགྱུར་ལྡོག་དང་འཚམ་པ་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་སྐོང་བའི་ཁ་ཚ་དགོས་གཏུགས་ཀྱི་དགོས་མཁོ་ཞིག དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་སྐྲུན་མགྱོགས་སུ་གཏོང་བ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པའི་ལས་འགན་གལ་ཆེན་ཞིག་བཅས་རེད། 《བསམ་འཆར》ནང་སྤྱིའི་བླང་བྱ་དང་། དྲ་རྒྱའི་བར་མཐོངས་ཀྱི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་རིག་གནས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། དྲ་རྒྱའི་བར་མཐོངས་ཀྱི་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ། སྒྲིག་འཛུགས་དང་ལག་བསྟར་བཅས་ཆ་ཤས་བརྒྱད་ཚུད་ཡོད་པ་རེད།
     《བསམ་འཆར》ནང་ནན་བཤད་བྱས་དོན། དྲ་རྒྱའི་ཤེས་དཔལ་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དྲ་རྒྱའི་སྟོབས་ཆེའི་རྒྱལ་ཁབ་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ། ཡ་རབས་ངང་དྲ་བ་གཉེར་བ་དང་། ཡ་རབས་ངང་དྲ་བ་སྤྱོད་པ། ཡ་རབས་ངང་དྲ་བར་ཞུགས་པ། ཡ་རབས་ངང་དྲ་བ་དར་རྒྱས་ཡོང་བ་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་གི་བླང་བྱ་དང་མཐུན་པའི་བསམ་བློའི་འདུ་ཤེས་དང་། རིག་གནས་དར་སྲོལ། ཀུན་སྤྱོད་དོན་གཉེར། བྱ་སྤྱོད་ཚད་གཞི། ཁྲིམས་སྐྱོང་ཁོར་ཡུག ལམ་སྲོལ་གསར་འཛུགས་བཅས་ཆགས་པར་སྐུལ་འདེད་གཏོང་བ། དྲ་ཐོག་དང་དྲ་ཕྱིའི་ཤེས་དཔལ་འཛུགས་སྐྱོང་མཉམ་འདྲེས་ནུས་ལྡན་ཡོང་བ་དང་ཕན་ཚུན་སྐུལ་འདེད་ཐེབས་པ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པ་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པར་བསམ་བློའི་འགན་ལེན་བརྟན་པོ་དང་། བསམ་པའི་སྒུལ་ཤུགས་ཆེན་པོ། གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན། རིག་གནས་ཀྱི་མཐུན་རྐྱེན་བཅས་མཁོ་འདོན་བྱེད་དགོས།
     《བསམ་འཆར》ནང་ཁ་གསལ་བཏོན་དོན། དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ལས་ཀའི་དམིགས་ཡུལ་ནི་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲས་ནས་འཐབ་ས་གསར་པ་བཟུང་བ་དང་། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་སྔར་བས་བརྟན་དུ་གཏོང་བ་དང་ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱེད་པའི་ཐུན་མོང་གི་བསམ་བློའི་རྨང་གཞི་སྔར་བས་བརྟན་དུ་གཏོང་བ། རིག་གནས་སྐྱེད་སྲིང་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་མི་སེམས་ལ་གཏིང་ཟབ་ཟུག་པ། མི་དམངས་མང་ཚོགས་ཀྱི་དྲ་ཐོག་བསམ་པའི་རིག་གནས་འཚོ་བ་ཉིན་བཞིན་སྐྱོན་བྲལ་དང་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱེད་པ། ཀུན་སྤྱོད་འཛུགས་སྐྱོང་ཐད་གོམ་སྟབས་གསར་པ་སྤོ་བ་དང་། དྲ་དམངས་ཀྱི་བསམ་བློ་ཀུན་སྤྱོད་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་གཏོང་བ། དགེ་བརྩོན་ཡར་ཐོན་དང་ཡིད་རྟོན་རོགས་རེས་ཀྱི་དྲ་རྒྱའི་དར་སྲོལ་སྔར་བས་ཟབ་ཏུ་གཏོང་བ་བཅས་བྱེད་པ། ཤེས་དཔལ་གྱི་བྱང་ཚད་སྔར་བས་མཐོ་རུ་གཏོང་བ་དང་། གཞོན་ནུ་ལོ་ཆུང་དྲ་དམངས་ཀྱི་དྲ་བའི་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། དྲ་རྒྱའི་ལས་སྟེགས་ཀྱི་བྱེད་པོའི་འགན་འཁྲི་དང་ལས་རིགས་ཀྱི་རང་གཅུན་དོན་འཁྱོལ་ནུས་ལྡན་བཅས་བྱེད་པ། བཅོས་སྐྱོང་གི་ཕན་ནུས་སྔར་བས་ཆེ་རུ་གཏོང་བ་དང་། དྲ་རྒྱའི་ཁོར་ཡུག་ཉིན་རེ་བཞིན་ལེགས་སུ་གཏོང་བ། དྲ་རྒྱའི་བར་མཐོངས་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དྲ་རྒྱའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་། འགོག་ཟོན། བཅོས་སྐྱོང་བཅས་ཀྱི་ནུས་པ་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱེད་པ། སྲོལ་གཏོད་བྱེད་སྒོའི་རྣམ་པ་གསར་པ་གཏོད་པ་དང་། མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱེད་སྒོ་དྲ་ཐོག་ཏུ་ནུས་ལྡན་ངང་སྣུར་སྲིང་བྱེད་པ། དྲ་རྒྱའི་ཤེས་དཔལ་གྱི་སྤུས་རྟགས་བྱེད་སྒོ་སྲ་བརྟན་དང་མཐོར་འདེགས་བྱེད་པ། དྲ་རྒྱའི་བར་མཐོངས་དེ་བས་དྭངས་གཙང་ཡོང་བ་བཅས་བྱེད་དགོས་པ་དེ་རེད།
     《བསམ་འཆར》ནང་བཏོན་དོན། དྲ་རྒྱའི་བར་མཐོངས་ཀྱི་བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྱོང་ལ་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་གཏིང་ཟབ་དང་། སེམས་ལ་ཟུག་པ། ཏན་ཏིག་བཅས་ཡོང་བར་སྐུལ་འདེད་གཏོང་དགོས། གཙོ་གནད་རིགས་པའི་གཞུང་ལུགས་ཀྱི་དྲ་ཚིགས་དང་། སྤྱི་པའི་ཨང་རྟགས། དུད་སྣེ་བཅས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་ལག་ལེན་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་འགྱུར་ལྡོག་གསར་པ་དང་གྲུབ་འབྲས་གསར་པ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དྲ་ཐོག་གི་རིགས་པའི་གཞུང་ལུགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་སྤེལ་དགོས། དྲ་ཐོག་གི་བརྗོད་དོན་གལ་ཆེན་གྱི་དྲིལ་བསྒྲགས་ལས་དོན་ཞིབ་ཚགས་ངང་སྒྲུབ་པ་དང་། དྲ་རྒྱའི་བརྒྱུད་སྤེལ་བྱེད་ཐབས་འཛུགས་སྐྱོང་དང་གསར་གཏོད་ལ་ཤུགས་སྣོན་བརྒྱབ་ནས་བརྒྱུད་སྤེལ་ཐོན་རྫས་རྩེར་སོན་གཏོད་དགོས། སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་སྒུལ་བདེ་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱས་ཏེ་ཀྲུང་དབྱང་དང་ས་གནས་ཀྱི་གསར་འགྱུར་ཚན་པ་གཙོ་བོ་དང་གཙོ་གནད་གསར་འགྱུར་དྲ་ཚིགས་སོགས་གཙོ་རྒྱུན་སྨྱན་སྦྱོར་གྱི་སྒུལ་བདེའི་མཐའ་སྣེ་འཛུགས་སྐྲུན་དང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་གཏོང་དགོས།
     《བསམ་འཆར》ནང་བཏོན་དོན། དྲ་རྒྱའི་བར་མཐོངས་ཀྱི་རིག་གནས་སྐྱེད་སྲིང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་དྲ་རྒྱའི་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པ་དང་གསར་འགྱུར་དྲ་ཚིགས་དང་ཚོང་ལས་ལས་སྟེགས་སོགས་ཀྱི་བརྒྱུད་སྤེལ་མཉམ་ཤུགས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་རྒྱ་ཆེའི་དྲ་དམངས་ཁྲོད་བརྒྱུད་སྤེལ་དང་སྤྱི་ཚོགས་ཀྱི་ཕྱོགས་ཁག་ཏུ་བརྒྱུད་འདྲེན་བྱེད་དགོས། དྲ་ཐོག་ཏུ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ་དང་། རང་རེའི་ཏང་ལ་གསར་བརྗེ་དང་། འཛུགས་སྐྲུན། སྒྱུར་བཅོས་བཅས་བྱེད་པའི་ལོ་རྒྱུས་ཀྱི་དུས་མཚམས་ཁག་ཏུ་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ་བརྒྱུད་བསྒྲགས་དང་། ཏང་དང་མི་དམངས་ཀྱིས་འབད་འཐབ་བྱེད་རིང་གྲུབ་པའི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་དར་ཆ་གསལ་སྟོན་གྱིས་ལོ་རྒྱུས་དོན་སྟོང་རིང་ལུགས་ལ་ངོ་རྒོལ་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསོན་ཤུགས་འཕེལ་བ་བྱེད་པ་དང་། རྒྱ་ཆེའི་དྲ་དམངས་ལ་ལྟ་འདོད་ཅིང་ཉན་སྤྲོ་བའི་ཁྱད་ཆོས་ལྡན་པའི་སྤུས་རྟགས་ཀྱི་བྱེད་སྒོ་དང་གསར་རྩོམ་གྱི་བརྩམས་ཆོས་རྩེ་གྲ་བཏོད་དེ། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་སྒོ་ནས་གཞན་འགྱུར་དང་གསར་གཏོད་རང་བཞིན་གྱི་སྒོ་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། དྲ་རྒྱའི་རིག་གནས་ཐོན་རྫས་སྤུས་ལེགས་མཁོ་སྤྲོད་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་། དྲ་ཚིགས་དང་། སྤྱི་པའི་ཨང་རྟགས། དུད་སྣེ་སོགས་ཀྱི་ལས་སྟེགས་དང་རྒྱ་ཆེའི་དྲ་དམངས་ལ་དགེ་མཚན་ལྡན་ཞིང་། སྐྱོན་བྲལ་དང་དགེ་བརྩོན་ཡར་ཐོན་གྱི་དྲ་རྒྱའི་རིག་གནས་ཐོན་རྫས་གསར་རྩོམ་དང་ཐོན་སྐྱེད་བྱེད་པར་ཁྲིད་སྟོན་བྱས་ཏེ། སྣ་མང་ཕུན་སུམ་ཚོགས་པའི་དྲ་རྒྱའི་རིག་གནས་ཀྱི་བྱེད་སྒོ་སྤེལ་དགོས། དྲ་རྒྱའི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་། རྒྱལ་ཁབ་ཀྱི་རིག་གནས་སྒྲིག་བཀོད་གལ་ཆེན་དང་རྒྱལ་ཁབ་ལ་དབང་བའི་རིག་གནས་ཐོན་ཁུངས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན་ལ་སྐུལ་འདེད་བཏང་ནས། དྲ་རྒྱའི་སྤྱི་པའི་རིག་གནས་ཞབས་ཞུ་མཁོ་འདོན་བྱེད་པའི་ཀུན་ཕན་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་དགོས།