འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ལན་མི་འདེབས་ཀ་མེད་རེད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ལན་མི་འདེབས་ཀ་མེད་རེད།
     མི་དམངས་དྲ་བའིའཕྲིན། ཟླ་9ཚེས་15ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཀྲའོ་ལི་ཅན་གྱིས་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། 
     གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས་14ཉིན་དབྱིན་ཇིའི་གྲོས་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་གྲོས་མི་ཁག་གཅིག་བཀག་སྡོམ་བྱས་པ་རྒྱུ་མཚན་དུ་བྱས་ནས་གྲོས་ཚོགས་ཀྱི་ཏང་ཤོག་ལས་བརྒལ་བའི་ཀྲུང་གོའི་ཚོགས་ཆུང་གིས་གྲོས་ཚོགས་ཐོག་བརྩེགས་ཁང་ཆེན་དུ་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཞུགས་པའི་བྱེད་སྒོ་སྤེལ་རྒྱུར་མོས་མཐུན་བྱས་མེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས་པ་རེད། 
     ཀྲའོ་ལི་ཅན་གྱིས་དབྱིན་ཇིའི་གྲོས་ཚོགས་ལ་ཀྲུང་གོར་ངོ་རྒོལ་བྱེད་མཁན་གྲོས་མི་རེ་གཉིས་ཀྱི་ངན་སྐུལ་བྱས་པ་ཐེབས་ནས་གྲོས་ཚོགས་ཀྱི་ཐོག་བརྩེགས་ཁང་ཆེན་དུ་ཀྲུང་གོའི་གཞུང་ཚབ་ཆེན་མོ་བ་ཞུགས་རྒྱུའི་བྱེད་སྒོ་སྤེལ་རྒྱུར་མོས་མཐུན་བྱུང་མེད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་རྒོལ་གཏམ་དྲག་པོ་གཏོང་རྒྱུ་ཡིན་པས་དགོས་ངེས་ཀྱི་ལན་མི་འདེབས་ཀ་མེད་རེད་ཅེས་གསུངས་པ་རེད། 
     ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ངོ་རྒོལ་བྱེད་མཁན་དབྱིན་ཇིའི་གྲོས་མི་ཁག་གཅིག་ལ་བཀག་སྡོམ་བྱས་པ་དེ་ནི་འབྲེལ་ཡོད་མི་སྣས་བསམ་ངན་གྱིས་རྫུན་གཏམ་དང་ཆ་འཕྲིན་རྫུན་མ་སྒྲོག་སྤེལ་བྱས་པ་དང། དབྱིན་ཇི་ཕྱོགས་རྐྱང་པའི་བཀག་སྡོམ་བཅས་ལ་དམིགས་ནས་དགོས་ངེས་ཀྱི་ལན་བཏབ་པ་ཡིན་པས་རྦད་དེ་ལུགས་མཐུན་དང་འོས་འཚམ་ཡིན། ཀྲུང་གོའི་ལྟེ་བའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་གཏམ་སྤྱོད་གང་རུང་ལ་ཀྲུང་གོ་ཕྱོགས་ཀྱིས་སྔར་ནས་བཟུང་འགོག་རྒོལ་མཐའ་གཅིག་ཏུ་བྱེད་བཞིན་ཡོད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་གི་མེད། 
     དཔལ་འབྱོར་དངོས་ཚན་ཆེན་པོ་གཉིས་དང་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ཡིན་པའི་ཀྲུང་དབྱིན་དབར་མཉམ་ལས་བྱེད་པ་དེ་ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ་དང་གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཕན་ཐོགས་ཡོད་པ་དེ་ནི་ཀུན་གྱིས་མིག་མཐོང་ལག་ཟིན་གྱི་དོན་དངོས་ཤིག་རེད། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇིའི་གྲོས་ཚོགས་ལ་ནོར་འཁྲུལ་གྱི་གཏན་འབེབས་འཕྲལ་མར་མེད་པར་བཟོས་ནས་གྲོས་མི་རེ་གཉིས་ཀྱི་གཏམ་སྤྱོད་ལ་ཚོད་འཛིན་ཏན་ཏིག་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་དང་གོ་ལ་ཧྲིལ་པོའི་བདེ་སྐྱིད་སྲུང་སྐྱོང་བྱེད་པའི་ལངས་ཕྱོགས་ནས་འགོ་བཙུགས་ཏེ་ཀྲུང་དབྱིན་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་ཆེད་དོན་དངོས་མང་ཙམ་བསྒྲུབ་རྒྱུའི་བླང་བྱ་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།