འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་16ཉིན།

༄༅།།ཡོན་ཧྲི་ཝང་ཕིན་ཞན་བཟའ་ཟླ་གཉིས་ཀྱིས་སྒོར་ཁྲི་200ཞལ་འདེབས་ཕུལ་ནས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་16ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཡོན་ཧྲི་ཝང་ཕིན་ཞན་བཟའ་ཟླ་གཉིས་ཀྱིས་སྒོར་ཁྲི་200ཞལ་འདེབས་ཕུལ་ནས་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་བཙུགས།
     མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཐུང་ཅི་སློབ་ཆེན་ནས་ཤེས་རྟོགས་བྱུང་དོན། དགུང་ལོ་85ཡིན་པའི་རྒྱ་མཚོའི་ས་གཤིས་རིག་པ་མཁས་དབང་དང་། ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཐུང་ཅི་སློབ་ཆེན་རྒྱ་མཚོ་དང་སའི་གོ་ལའི་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་བ་ཝང་ཕིན་ཞན་དང་། ཀྲུང་གོའི་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ། ཐུང་ཅི་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་བཅས་ཡིན་པའི་སུན་ཤང་ཅུན་བཟའ་ཟླ་གཉིས་ཀྱིས་ཟླ་9ཚེས་15ཉིན་ཐུན་མོང་ཐོག་ལོ་མང་རིང་བསགས་པའི་མི་དམངས་ཤོག་སྒོར་ཁྲི་200ཞལ་འདེབས་སུ་ཕུལ་ནས“ཐུང་ཅི་སློབ་ཆེན་གྱི་རྒྱ་མཚོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”བཙུགས་པ་རེད། 
     དགེ་རྒན་ཆེ་མོ་བ་གཉིས་ཀྱིས“ང་ཚོའི་མིང་ཐོག་ནས་མིང་འདོགས་མི་རུང་”ཞེས་ཡང་ཡང་ནན་མངགས་བྱས་ནས་འབྱུང་འགྱུར་སློབ་གྲོགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་དེ་བས་མང་བ་འཐོབ་རྒྱུའི་རེ་བ་འདུག་ལ། ན་གཞོན་དེ་བས་མང་བ་ཞིག་རྒྱ་མཚོའི་ཚན་རིག་བྱ་གཞག་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ལྕག་ཡང་གནང་ཡོད་པ་རེད། 
     སློབ་གྲྭ་ཕྱོགས་ཀྱིས་ངོ་སྤྲོད་བྱས་པར་གཞིགས་ན། སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་དེ་རྒྱ་མཚོའི་ཚན་རིག་དང་དེ་བཞིན་འབྲེལ་ཡོད་རྒྱ་མཚོ་དང་འབྲེལ་བའི་ཞིབ་འཇུག་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་འདོད་ཡོད་པ་དང་། ཕུལ་བྱུང་གི་སྦྱངས་འབྲས་ཐོབ་པ་དང་ཞིབ་འཇུག་ཐད་གསར་གཏོད་ཀྱི་གྲུབ་འབྲས་ཐོབ་པ། ཚན་ཞིབ་ཀྱི་མི་མངོན་པའི་ནུས་པ་ལྡན་པ་བཅས་ཡིན་པའི་ཐུང་ཅི་སློབ་ཆེན་གྱི་དངོས་གཞིའི་ཚན་ཁག་གི་སློབ་མ་དང་ཞིབ་འཇུག་སློབ་མར་བྱ་དགའ་སྤྲོད་པར་སྤྱོད་རྒྱུ་རེད། 
     གསར་འགོད་པར་ཤེས་རྟོགས་བྱུང་དོན། འདི་ནི་ཡོན་ཧྲི་ཝང་ཕིན་ཞན་བཟའ་ཟླ་གཉིས་ཀྱིས་ཞལ་འདེབས་ཐེངས་དང་པོ་ཕུལ་བ་ཞིག་མ་རེད། སློབ་གླིང་གི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། ཡོན་ཧྲི་ཝང་ཕིན་ཞན་ལ་1998ལོར་ཧོ་ལེའང་ཧོ་ལི་ཚན་རྩལ་ཡར་ཐོན་བྱ་དགའ་ཐོབ་སྐབས་བྱ་དགའི་དངུལ་ཆ་ཚང་ཞལ་འདེབས་སུ་ཕུལ་ནས“རྒྱ་མཚོའི་ས་གཤིས་རིག་པའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ”བཙུགས་ཏེ་རྒྱ་མཚོའི་རིག་ཚན་ཞིབ་འཇུག་གི་ཤེས་ལྡན་པ་ཕུལ་བྱུང་ཁག་གཅིག་གསོ་སྦྱོང་བྱས་པ་རེད། 
     ཞལ་འདེབས་འབུལ་དོན་སྐོར་གླེང་སྐབས། སུན་ཤང་ཅུན་གྱིས“སློབ་ཆེན་འགྲིམ་སྐབས་རྒྱལ་ཁབ་ཀྱིས་ང་ཚོ་གསོ་སྐྱོང་བྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ལ་ལེགས་སྐྱེས་མང་ཙམ་འབུལ་འདོད་ཡོད། གཞོན་ནུ་སློབ་མ་ཚོའི་ཤེས་བྱ་སྦྱོང་བའི་ལམ་བུའི་ཐོག་ཁོང་ཚོར་ཤུགས་བརྒྱབ་ནས་སློབ་མ་ཚོ་དེ་བས་མགྱོགས་མྱུར་འཚར་ལོངས་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་རྒྱ་མཚོའི་རིག་ཚན་དང་རྒྱ་མཚོའི་བྱ་གཞག་ལ་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་གསུངས། 
     “རྒྱ་མཚོའི་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའ་བཙུགས་པ་དེའང་རིག་ཚན་དང་ཆེད་ལས་ཁྱབ་ཁོངས་ཀྱི་སློབ་མ་དེ་བས་མང་བ་ཞིག་ལ་འབོད་སྐུལ་བྱས་པ་ཞིག་ཡིན་པས་གཞོན་ནུ་སློབ་མ་དེ་བས་མང་བ་ཞིག་རྒྱལ་ཁབ་ཀྱི་རྒྱ་མཚོའི་བྱ་གཞག་གི་དཔུང་ཁག་ནང་ཞུགས་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཅེས་བཤད། ཝང་ཕིན་ཞན་གྱིས་རྒྱ་མཚོ་ནི་རིག་ཚན་ལས་བརྒལ་བའི་ཁྱབ་ཁོངས་སུ་གཏོགས་པས་རིག་ཚན་མང་པོ་ཞིག་གིས་མཐུན་སྦྱོར་བྱེད་དགོས་ཀྱི་ཡོད། རྒྱ་མཚོ་རིག་ཚན་མིན་པའི་རིག་ཚན་གྱི་སློབ་མས་ཁྱབ་ཁོངས་དེའི་ནངརིག་ཚན་བར་ཕན་ཚུན་མཉམ་འདྲེས་བྱས་པ་བརྒྱུད་ནས་མདུན་ལམ་ཆེན་པོ་ཡོད་པ་བྱེད་ཐུབ་ཅེས་དམིགས་སུ་བཀར་ནས་བསྟན་ཡོད། 
     ཡོན་ཧྲི་ཝང་ཕིན་ཞན་ནི་རང་རྒྱལ་གྱི་རྒྱ་མཚོའི་ས་གཤིས་རིག་པ་བ་གྲགས་ཅན་ཞིག་ཡིན་ལ། རྒྱ་མཚོའི་ས་གཤིས་ལ་ཞིབ་འཇུག་གནང་ནས་ལོ་ངོ་40ལྷག་འགོར་ཡོད། 1999ལོར་ཁོང་གིས་ལྷོ་མཚོར་ཀྲུང་གོའི་རྒྱ་མཚོའི་གསོར་འབིགས་རྩད་ཞིབ་ཐེངས་དང་པོ་བྱེད་པའི་གཙོ་སྐྱོང་གནང་ནས་རང་རྒྱལ་གྱི་མཚོ་གཏིང་ཚན་རིག་གི་གསོར་འབིགས་རྩད་ཞིབ་ཀྱི་སྒོ་མོ་ཕྱེ་བ་རེད། 2011ལོ་ནས་2018ལོའི་བར་ཁོང་གིས་རང་རྒྱལ་གྱི་རྒྱ་མཚོའི་ཚན་རིག་གི་གཞི་ཁྱོན་ཆེ་བའི་རྨང་གཞིའི་ཞིབ་འཇུག་འཆར་གཞི་དང་པོའི“ལྷོ་མཚོའི་བརྒྱུད་རིམ་འགྱུར་ལྡོག”འཆར་གཞི་གཙོ་སྐྱོང་གནང་ནས་ལྷོ་མཚོའི་རྒྱལ་སྤྱིའི་མཚོ་གཏིང་ཞིབ་འཇུག་གི་མདུན་གྲལ་དུ་སླེབས་པ་བྱས་པ་རེད། 2018ལོར་དགུང་ལོ་82ལ་ཕེབས་པའི་ཁོང་ཉིན་དགུ་བསྟུད་མར་སྨི་1400ཡི་མཚོ་གཏིང་དུ་ཐེངས་གསུམ་འཛུལ་པས་འཛམ་གླིང་ཐོག་མཚོ་གཏིང་དུ་འཛུལ་མཁན་དགུང་ལོ་མཐོ་ཤོས་ཤིག་ཏུ་གྱུར་་པ་རེད།