འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།ཀྲང་ཅན་ལ་ཁྲིམས་ཐག་བཅད།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 12:55】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། 2021ལོའི་ཟླ་9ཚེས་14ཉིན་ཧྥུའུ་ཅན་ཞིང་ཆེན་ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཨན་ཧུའེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་དེ་སྔའི་ཡོན་ཀྲང་ཀྲང་ཅན་གྱིས་ལྐོག་རྔན་བླངས་པའི་གྱོད་གཞི་ཡོངས་བསྒྲགས་ངང་ཁྱབ་བསྒྲགས་བྱས་པ་དང་། ཞུ་སྦྱོར་ཕྱི་མ་ཀྲང་ཅན་ལ་ལྐོག་རྔན་བླངས་པའི་ཉེས་པའི་ཐོག་དུས་བཀག་བཙོན་འཇུག་ལོ་བཅོ་ལྔ་དང་འབྲེལ་དངུལ་ཆད་མི་དམངས་ཤོག་སྒོར་ཁྲི་500བཅད་པ་དང་། ཀྲང་ཅན་གྱིས་རྒྱུ་རྔན་ཟ་ལེན་བྱས་པ་ལས་བྱུང་བའི་རྒྱུ་ནོར་དང་སྐྱེད་འཕེལ་དངོས་པོ་རྒྱལ་མཛོད་ལ་འབུལ་དགོས། ཀྲང་ཅན་གྱིས་ཁྲིམས་སར་དཔྱད་མཚམས་དང་ལེན་ཞུ་བ་དང་གོང་གཏུག་མི་བྱེད་པའི་བསམ་ཚུལ་བསྟན། 
     ཞིབ་གཅོད་བྱས་ནས་རྩད་ཆོད་མཐའ་གསལ་བྱུང་བར། 1995ལོ་ནས་2019ལོའི་བར། ཞུ་སྦྱོར་ཕྱི་མ་ཀྲང་ཅན་གྱིས་ཧུའུ་པེ་ཞིང་ཆེན་བཙོན་ཁང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་ཅུས་ཀྲང་། ཧུའུ་པེ་ཞིང་ཆེན་ཁྲིམས་འཛིན་ཐིང་གི་འགོ་འཛིན་གཞོན་པ་དང་འགོ་འཛིན། ཧུའུ་པེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་གཞོན་པ། ཨན་ཧུའེ་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་སོགས་གོ་གནས་ཐད་ཀྱི་སྟབས་བདེ་དང་འགན་དབང་དང་གོ་སས་གྲུབ་པའི་སྟབས་བདེའི་ཆ་རྐྱེན་གྱིས་མི་གཞན་ལ་ཨར་ལས་འགན་ལེན་དང་། མི་དོན་སྐོང་འཐེན་བྱེད་པ། གྱོད་གཞི་ཞིབ་གཅོད་སོགས་ཀྱི་ཐད་ཁེ་ཕན་དོན་གཉེར་བྱས་པ་དང་། ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་ནོར་བླངས་ནས་ཁྱོན་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་ཁྲི་7179ལྷག་ཙམ་ཟིན་ཡོད། དེའི་ནང་ནས་སྒོར་ཁྲི་2403ལྷག་དངོས་སུ་རག་མེད་པ་དེ་ནི་ཉེས་གསོག་ཏུ་མ་གྲུབ་པའི་ཁོངས་སུ་གཏོགས་ཡོད། 
     ཞ་མོན་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་ཞུ་སྦྱོར་ཕྱི་མ་ཀྲང་ཅན་གྱི་བྱ་སྤྱོད་དེ་ལྐོག་རྔན་ལེན་པའི་བྱས་ཉེས་སུ་གྲུབ་ཡོད་ཅིང་། གྲངས་འབོར་ཧ་ཅང་མང་བས། ཁྲིམས་ལྟར་ཉེས་ཆད་གཅོད་དགོས་པའི་ངོས་འཛིན་བྱས། ཀྲང་ཅན་གྱིས་བླངས་པའི་རྒྱུ་ནོར་ཁག་ཅིག་ཉེས་གསོག་ཏུ་མ་གྲུབ་པ་དང་། ཁྲིམས་སར་འབྱོར་རྗེས་རང་གི་ཉེས་སྤྱོད་ཇི་བཞིན་དུ་ངོས་ལེན་བྱས་པ། རང་འགུལ་གྱིས་གྱོད་དོན་ཞིབ་གཅོད་ལས་ཁུངས་ཀྱི་ཤེས་མེད་པའི་ལྐོག་རྔན་བླངས་པའི་ཉེས་བསགས་ཀྱི་དོན་དངོས་མང་ཆེ་བ་ངོས་ལེན་བྱས་ཤིང་། ནག་ཉེས་ངོས་ལེན་དང་འགྱོད་བཤགས་བྱས་པ་དང་། ཧུར་ཐག་གིས་བརྐུས་རྫས་ཕྱིར་སློག་བྱས་པ་སོགས་བརྒྱུད། གྱོད་དོན་དང་འབྲེལ་བའི་ཁྲིམས་འགལ་གྱི་དངུལ་དང་རྒྱུ་རྫས་མང་ཆེ་བ་ཁྲིམས་སར་ཕྱིར་སྤྲད་པས། ཁྲིམས་ལྟར་ཁོ་ལ་ཁྲིམས་ཆད་ཡང་མོ་བཅད་ཆོག   དེ་རྗེས་ཁྲིམས་ཁང་གིས་གོང་གི་དཔྱད་མཚམས་བཏང་།