འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་འགོ་ཚུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་9ཚེས་12ཉིན་གྱི་དགོང་མོ་མཚོ་སྔོན་ཞིང་ཆེན་གྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ལུས་རྩལ་ལྟེ་གནས་སུ་འགོ་ཚུགས་ཤིང་། ཞིང་ཨུད་ཀྱི་ཧྲུའུ་ཅི་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་འགོ་ཚུགས་ཁྱབ་བསྒྲགས་གནང་བ་དང་། ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཤིན་ཁྲང་ཤིང་གིས་ཤིས་ཚིག་བསྒྲོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་ཞུགས་པ་རེད།
     ཀྲུང་ཧྭ་རྒྱལ་ཡོངས་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་དང་བོད་རང་སྐྱོང་ལྗོངས་སོགས་ཚན་པ་དང་ས་ཁུལ་གྱིས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། ཞིང་ཆེན་གྱི་འགོ་ཁྲིད་ཝུའུ་ཞའོ་ཅུན་དང་། མགོན་པོ་བཀྲ་ཤིས། ཐེང་ཅ་ཚའེ། ཡུས་ཚུང་ལེ། མཱ་ཅི་ཤའོ། དབྱི་ཧྲུའུ་ཆང་། ལིའུ་ཐུང་ཏེ། དབྱང་ཀྲི་ཝུན། ཝང་ཤོན་བཅས་དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་མུའུ་ཧོ་ཡ་ཐི·ཅར་མུའུ་ཧ་མའེ་ཐི། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་སི་དང་ཅུས་དང་དེ་བཞིན་སི་ཁྲོན་ཞིང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་འབྲེལ་ཡོད་བློ་མཐུན་བཅས་འགོ་ཚུགས་མཛད་སྒོར་ཞུགས་པ་རེད། སྐབས་འདིའི་ལུས་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲེང་ཀྲང་གཞོན་པ་དབྱང་ཕེང་ཁྲུན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
     ཤིན་ཁྲང་ཤིང་གིས་ཤིས་ཚིག་སྒྲོན་སྐབས་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཞུགས་སྐུ་མགྲོན་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་མ་ཟད། ལུས་རྩལ་པ་དང་། རྩལ་ཁྲིད་པ། ཤན་འབྱེད་པ་དང་ལས་དོན་མི་སྣ་ཚང་མར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་གནང་བ་རེད། ཁོང་གིས་མཛེས་སྡུག་ལྡན་པའི་མཚོ་སྔོན་ནི་རི་ཀླུང་མཛེས་ཤིང་ལྟ་ན་སྡུག་པ་དང་། གནམ་སྔོན་སྤྲིན་དཀར། སྐྱེ་ཁམས་གདོད་མའི་རྣམ་པ་བཅས་ཡིན་པ་ཙམ་མ་ཟད། མི་རིགས་མཐུན་སྒྲིལ་དང་། མཐུན་ཆ་མཉམ་འདུས། སྤྱི་ཚོགས་ཞི་མཐུན་བཅས་ཀྱི་ཐད་དེ་བས་ཀྱང་མཛེས་ཉམས་ལྡན་པ་ཞིག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱི་མཛུབ་ཁྲིད་འོག་མཚོ་སྔོན་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་དུ་གཏོང་བའི་གཙོ་རྐང་ལ་དམ་པོར་དམིགས་ནས་མི་རིགས་ཁག་སེ་འབྲུའི་རྡོག་པོ་བཞིན་རྡོག་རྩ་གཅིག་ཏུ་བསྒྲིལ་རྒྱུར་སྐུལ་འདེད་བཏང་བས། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་མཚོ་སྔོན་གྱི་ས་མཐོར་རབ་ཏུ་བཞད་དེ་ཇི་ཙམ་བཞད་པ་དེ་ཙམ་གྱིས་བཀྲག་མདངས་འཚེར་བཞིན་ཡོད། འདི་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”འགོ་ཚུགས་ལོ་ཞིག་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སླར་ཡང་མཚོ་སྔོན་དུ་རྟོག་ཞིབ་གནང་བར་ཕེབས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཚོས་ལག་གདང་སྦྲེལ་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་མདུན་སྐྱོད་བྱེད་པའི་སྟོབས་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་བསྒྲིལ་རྒྱུའི་ལྕག་སྐུལ་གནང་བ་རེད། རྒྱལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་སྐབས་འདིར། ང་ཚོས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བདུན་པ་བསུ་རྒྱུ་ཡིན། འདི་ནི་ཏང་གི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་ཁྱད་འཕགས་རང་བཞིན་གྱི་ལག་ལེན་གསོན་ཉམས་དོད་པོ་ཞིག་དང་། ཀྲུང་ཧྭའི་རིག་གནས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་ཡིད་དབང་འཕྲོག་ཤུགས་ཀྱི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག ཀྲུང་ཧྭའི་མི་རིགས་མཐུན་སྒྲིལ་ཆེ་མོའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་བཅས་རེད། ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་སྐབས་འདིའི་ལུས་རྩལ་འགྲན་ཚོགས་དེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་འདུ་ཚོགས་གཟབ་རྒྱས་ཤིག་དང་། མཚོ་སྔོན་གྱི་འཕེལ་རྒྱས་གྲུབ་འབྲས་ཁྱོན་ཡོངས་ནས་ངོམ་སྟོན་བྱེད་པའི་འདུ་ཚོགས་གཟབ་རྒྱས་ཤིག མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འདུ་ཚོགས་གཟབ་རྒྱས་ཤིག་བཅས་སུ་གཉེར་ནས་ཀྲུང་ཧྭའི་མི་རིགས་འཕེལ་རྒྱས་དང་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བསམ་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་ཧུར་ཐག་རྩོམ་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།