འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་15ཉིན།

༄༅།།རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་སོང་བ། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་བཅུ་གཅིག་བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་15ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ● 2012ལོ་ནས་2020ལོ་བར། རང་རྒྱལ་གྱི་བཟོ་ལས་འཕར་ཐང་སྒོར་དུང་ཕྱུར་ཁྲི་20.9ནས་སྒོར་དུང་ཕྱུར་ཁྲི་31.3བར་འཕར་བའི་ནང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་16.98ནས་སྒོར་དུང་ཕྱུར་ཁྲི་26.6བར་འཕར་བ།

     ● ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་ཚད་དེ་2012ལོའི་9.4%ནས་ན་ནིང་གི་15.1%བར་འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བཟུང་བའི་བསྡུར་ཚད་དེ་28%ནས་33.7%བར་མཐོ་རུ་ཕྱིན་པ།

     ● 5Gསྦྲེལ་ཚུགས་དང་མཐའ་སྣེ་སྦྲེལ་མཐུད་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་བཟུང་ཚད་70%དང་80%ལྷག་ཙམ་སོ་སོར་ཟིན་ཡོད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལས་རིམ་གྱི་གྲངས་འཛིན་ཅན་དུ་འགྱུར་ཚད་2012ལོའི་24.6%ནས་2020ལོའི་52.1%བར་མཐོ་རུ་ཕྱིན་པ་དང་། གྲངས་འཛིན་ཅན་གྱི་ཞིབ་འཇུག་གསར་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་48.8%ནས་73%བར་མཐོ་རུ་ཕྱིན་པ།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་9ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཚེས་13ཉིན། གསར་འགོད་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2010ལོ་ནས་བཟུང་། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་ལོ་11བསྟུད་མར་འཛམ་གླིང་གི་ཨང་དང་པོར་སླེབས་ནས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་30%ཙམ་བཟུང་ཡོད། འཛམ་གླིང་ཐོག་བཟོ་ལས་མ་ལག་འཐུས་སྒོ་ཚང་ཤོས་ཀྱི་རྒྱལ་ཁབ་ཅིག་ཡིན་པའི་ངོས་ནས་བཟོ་ལས་ཐོན་རྫས་གཙོ་བོ་རིགས་500ཡི་ནང་རང་རྒྱལ་གྱི་ཐོན་རྫས་40%ཡན་གྱི་ཐོན་འབོར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།
     བཟོ་ལས་དང་ཆ་འཕྲིན་ཅན་པུའི་འགན་འཁུར་བས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ངོ་སྤྲོད་བྱས་པར་གཞིགས་ན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་ཁབ་ཆེན་པོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་ཞིང་། 2012ལོ་ནས་2020ལོ་བར་རང་རྒྱལ་གྱི་བཟོ་ལས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་20.9ནས་སྒོར་དུང་ཕྱུར་ཁྲི་31.3བར་འཕར་བའི་ནང་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་སྒོར་དུང་ཕྱུར་ཁྲི་16.98ནས་སྒོར་དུང་ཕྱུར་ཁྲི་26.6བར་འཕར་བ་དེས་གོ་ལ་ཧྲིལ་པོའི་བསྡུར་ཚད་ཀྱི་22.5%བཟུང་ནས་30%ཙམ་བར་འཕར་ཡོད།
     —— བཟོ་སྐྲུན་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། བཟོ་འཕྲིན་པུའི་བསྡོམས་རྩིས་ལས་མངོན་པར། རང་རྒྱལ་གྱི་བཟོ་ལས་ལ་རིགས་ཆེ་གྲས་41དང་། འབྲིང་གྲས་207 ཆུང་གྲས་666བཅས་ཡོད་པ་དེ་ནི་འཛམ་གླིང་ཐོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོན་ལས་རིགས་དབྱེའི་ནང་ཚུད་པའི་བཟོ་ལས་རིགས་ཆ་ཚང་བའི་རྒྱལ་ཁབ་འབའ་ཞིག་དེ་ཡིན་པ་རེད། 2020ལོར་རང་རྒྱལ་གྱི་བཟོ་ལས་ཐོན་རྫས་རིགས་220ལྷག་ཙམ་གྱི་ཐོན་ཚད་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། འོད་ཤུགས་དང་། ནུས་རྒྱུ་གསར་པའི་རླངས་འཁོར། ཁྱིམ་སྤྱོད་གློག་ཆས། རིག་ནུས་ལག་ཐོགས་ཁ་པར་སོགས་གཙོ་གནད་ཐོན་ལས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་དང་། འཕྲིན་གཏོང་སྒྲིག་ཆས་དང་མྱུར་བགྲོད་ལྕགས་ལམ་སོགས་ཁྱབ་ཁོངས་ཀྱི་རྩེར་སོན་སྤུས་རྟགས་ཁག་གཅིག་གོ་ལ་ཧྲིལ་པོར་ཁྱབ་ཡོད། ཁྱབ་བསྒྲགས་བྱས་པའི་འཛམ་གླིང་གི་ཁེ་ལས་སྟོབས་ཆེན་500ཡི་མིང་ཐོ་གསར་ཤོས་ནང་རང་རྒྱལ་གྱི་བཟོ་ལས་ཁྱབ་ཁོངས་ཀྱི་ཁེ་ལས་73ཚུད་པ་དེ་2012ལོ་ལས་ཁེ་ལས་28མང་དུ་ཕྱིན་པ་དང“ཀྲུང་གོས་བཟོས་པ”ཡིས་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་ཁྲོད་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
     —— བཟོ་སྐྲུན་ལས་རིགས་ཀྱི་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། “ཟླ་བའི་ལྷ་མོ་ཨང་ལྔ་པ་རྟགས་ཅན”དང་། “མཁའ་འདྲི་ཨང་དང་པོ་རྟགས་ཅན” “འབད་འཐབ་པ་རྟགས་ཅན”སོགས་འདུ་འགོད་གལ་ཆེན་ནས་རྒྱལ་ཁའི་གཏམ་བཟང་ཡང་ཡང་གྲགས་པ་དང་རྒྱལ་ཁབ་ཆེན་པོའི་མཆོག་ནོར་ལ་བཀྲག་མདངས་འཚེར་ས་མང་པོ་མངོན་ཡོད། 2020ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཞིབ་འཇུག་དང་ཚོད་ལྟའི་འཕེལ་རྒྱས་སྒྲིག་གཞིའི་བསྡོམས་འབོར་དང་ཞིབ་འཇུག་གསར་སྤེལ་གྱི་འགྲོ་གྲོན་གཏོང་སྒོ་ཚང་མ་2012ལོ་ལས་ལྡབ་གཅིག་འཕར་ནས་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་རེ་ཞུའི་གྲངས་འབོར་ལྡབ་གཉིས་ལྷག་ཙམ་འཕར་ཡོད། དམིགས་བསལ་གློག་ཆེན་གློག་སྐྱེལ་གློག་སྒྱུར་དང་། སྔོག་འདོན་སྒྲིག་ཆས་ཆེ་གྲས། རྡོ་སོལ་རྫས་འགྱུར་བཟོ་ལས་ཀྱི་ལེ་ལག་ཚང་བའི་སྒྲིག་ཆས། ལྕགས་རིགས་ནཱ་སྨིའི་གྲུབ་ཆའི་རྒྱུ་ཆ་སོགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་ནས། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྲུང་གོས་བཟོས་པ་ནས་ཀྲུང་གོའི་གསར་གཏོད་ཕྱོགས་སུ་སྐྱོད་བཞིན་ཡོད།
     —— བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་གྲུབ་ཆ་མགྱོགས་མྱུར་རིམ་འཕར་བྱུང་ཞིང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་གི་བསྡུར་ཚད་དེ་2012ལོའི་9.4%ནས་ན་ནིང་གི་15.1%བར་འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་བཟུང་བའི་བསྡུར་ཚད་དེ་28%ནས་33.7%བར་མཐོ་རུ་ཕྱིན་པ། 2020ལོར་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་རྒྱུར་ལེགས་སྐྱེས་འབུལ་ཚད་70%ལྷག་ཙམ་ཟིན་པ། ལག་རྩལ་བསྒྱུར་བཀོད་མ་འཇོག་གིས་བཟོ་ལས་ཀྱི་མ་འཇོག་ནང་བཟུང་བའི་བསྡུར་ཚད་47.1%བར་མཐོ་རུ་ཕྱིན་པ། ལག་རྩལ་གསར་པ་དང་། རྒྱུ་ཆ་གསར་པ། སྒྲིག་ཆས་གསར་པ། བཟོ་རྩལ་གསར་པ་བཅས་བེད་སྤྱོད་རྒྱ་ཁྱབ་བྱས་ནས། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཐོན་རྫས་གསར་པའི་ཕྱིར་འཚོང་ཡོང་འབབ་ཀྱིས་གཙོ་གཉེར་ལས་སྒོའི་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་20%ཡས་མས་སུ་མཐོ་རུ་ཕྱིན་ཡོད།
     —— བཟོ་སྐྲུན་ལས་རིགས་ཀྱི་གྲངས་འཛིན་ཅན་ཕྱོགས་སྒྱུར་ཕྱོགས་ཡོངས་ནས་མགྱོགས་སུ་ཕྱིན་ཞིང་། རང་རྒྱལ་གྱིས་གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་འོད་སྐུད་དང་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་བསྐྲུན་པ་དང་། 5Gསྦྲེལ་ཚུགས་དང་མཐའ་སྣེ་སྦྲེལ་མཐུད་གྲངས་འབོར་གྱིས་གོ་ལ་ཧྲིལ་པོའི་བསྡུར་ཚད་བཟུང་ཚད་70%དང་80%ལྷག་ཙམ་སོ་སོར་ཟིན་ཡོད། གྲངས་འཛིན་ཐོན་ལས་ཅན་དང་ཐོན་ལས་གྲངས་འཛིན་ཅན་གྱི་གོམ་སྟབས་མགྱོགས་སུ་ཕྱིན་ནས་གཙོ་གནད་ཁྱབ་ཁོངས་ཀྱི་འགག་རྩའི་ལས་རིམ་གྱི་གྲངས་འཛིན་ཅན་དུ་འགྱུར་ཚད་2012ལོའི་24.6%ནས་2020ལོའི་52.1%བར་མཐོ་རུ་ཕྱིན་པ་དང་། གྲངས་འཛིན་ཅན་གྱི་ཞིབ་འཇུག་གསར་སྤེལ་ཇུས་འགོད་ཡོ་བྱད་ཁྱབ་གདལ་གཏོང་ཚད་48.8%ནས་73%བར་མཐོ་རུ་ཕྱིན་ཞིང་། གྲངས་འཛིན་དཔལ་འབྱོར་གྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།