འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།མཚོ་སྔོན་ཞིང་ཆེན་གྱིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལ་མགྱོགས་མྱུར་སྐུལ་འདེད་བཏང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་9ཚེས་10ཉིན་མཚོ་སྔོན་ཞིང་ཆེན་གྱིས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལས་དོན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ལྟ་ཞིབ་ཚད་ལེན་བྱེད་ཟབ་ཏུ་གཏོང་བ་དང“ལྟ་ཞིབ་ཚད་ལེན་གྱི་འཕྲུལ་མིག”བཀོད་སྒྲིག་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་དང་སྐྱེ་ཁམས་སླར་གསོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་དང་ཞབས་འདེགས་ཡག་པོ་ཞུ་རྒྱུ་ཡིན་པ་རེད།
     མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ནི་མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་གྲངས་གཞི་ནི་སྐྱེ་ཁམས་ཁོར་ཡུག་གི་གནས་ཚུལ་ལ་དོན་དངོས་དང་མཐུན་པའི་གདེང་འཇོག་དང་བཅོས་སྐྱོང་གི་ཕན་འབྲས་མཚོན་པའི་རྨང་གཞི་ཞིག་ཡིན་ལ། ཁོར་ཡུག་དོ་དམ་དང་ཐབས་ཇུས་ལག་ལེན་བསྟར་བའི་གཞི་འཛིན་ས་ཞིག་ཀྱང་ཡིན། ན་ནིང་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་མུ་རི་གཏེར་ཁུལ་དང་དེ་བཞིན་མདོ་ལ་རིང་མོའི་ལྷོ་འདབས་ཀྱི་མཚོ་སྔོན་ཡུག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་ལོ་གསུམ་གྱི་བྱ་སྤྱོད་སྐོར་གྱི་མཚོ་སྔོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། མུ་རི་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ལྟ་ཞིབ་ཚད་ལེན་ལས་འགན་ལ་སྤྱི་འདོམས་འཆར་འགོད་བྱེད་པ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་གྱི་ཆེད་དོན་ལྟ་ཞིབ་ཚད་ལེན་གྱི་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། མུ་རི་གཏེར་ཁུལ་གྱི“གནམ་གཤིས་དང་། མཁའ་རླུང་། ས་ངོས་བཅས་གཞི་གཅིག་ཅན”གྱི་ལྟ་ཞིབ་ཚད་ལེན་མ་ལག་མགྱོཌ་མྱུར་བསྐྲུན་རྒྱུ་རེད།