འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་14ཉིན།

༄༅།།ས་མཐོའི་རི་ཁུག་གི་དགེ་རྒན་དུས་ཆེན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་14ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཟླ་9ཚེས་10ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདོ་ལ་རྫོང་གི་རྩྭ་ཐང་རིམ་བཞིན་སེར་པོར་གྱུར་ཞིང་། སློབ་མ་ཁྲིད་དེ་རྩྭ་ཐང་སྟེང་རྩྭ་སྐྱེ་ཚུལ་ལ་ལྟ་ཞིབ་ཚདལེན་བྱེད་བཞིན་པའི་མཚོ་སྔོན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏུང་ཆོན་མིང་ལ་དགེ་རྒན་དུས་ཆེན་གྱི་དམིགས་བསལ་ལག་རྟགས་ཏེ་རྩྭ་ཐང་ནས་བཏུས་མ་ཐག་པའི་སྤང་རྒྱན་དཀར་པོ་འབྱོར།
     དེ་ཉིན་ཁོང་ལྟར་ཕྱི་རོལ་དུ་ལས་ཀ་བྱེད་བཞིན་པའི་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིན་ཧྥུང་ཁྲེང་གིས་སློབ་མ་གསུམ་ཁྲིད་དེ། ས་བབ་མཐོ་ཚད་སྨི་3300ཟིན་པའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རྩེ་ཁོག་རྫོང་དམེ་ཤུལ་ནགས་རར་སྨན་རྩྭའི་མ་དཔེ་འཚོལ་བསྡུ་བྱེད་བཞིན་ཡོད།
     ཟླ་9ཚེས་10ཉིན་ནི་དགེ་རྒན་དུས་ཆེན་ཡིན་ཞིང་། མཚོ་བོད་ས་མཐོར་དགེ་རྒན་མི་ཉུང་བ་ཞིག་གིས་སློབ་མ་ཁྲིད་དེ་མུ་མཐའ་མེད་པའི་རྩྭ་ཐང་སློབ་ཁང་ལ་བརྩིས་ནས། ཞིབ་འཇུག་དང་ལྟ་ཞིབ་ཚད་ལེན་ལས་དོན་ཧུར་ཐག་བསྒྲུབས་ཏེ་བདེ་སྐྱིད་ལྡན་པའི་ངང་དགེ་རྒན་དུས་ཆེན་གཏོང་བཞིན་མཆིས།
     ལོ་50ལ་སླེབས་པའི་ཏུང་ཆོན་མིང་ནི་མཚོ་སྔོན་སློབ་ཆེན་འབྲོག་ལས་ཕྱུགས་རིགས་སྨན་པའི་རིག་ཚན་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཡིན་ཞིང་། ཞོགས་པ་ཆུ་ཚོད་8པར། རྩྭ་ཐང་སྟེང་ཉི་འོད་རབ་ཏུ་འཕྲོས་པ་དང་། ཏུང་ཆོན་མིང་དང་སློབ་མ་ཚོས་མཉམ་དུ་ལག་ཆ་ཁྱེར་ནས་མདོ་ལ་རྫོང་གསེར་ཐང་གྲོང་རྡལ་ལོ་རྒན་གྲོང་ཚོའི་ཚོད་ལྟའི་ཞིང་ལ་ལྟ་བར་བསྐྱོད།
     ས་བབ་མཐོ་ཚད་སྨི་3600ཟིན་པའི་མདོ་ལ་རྩྭ་ཐང་སྟེང་ཏུང་ཆོན་མིང་གིས་ཚོགས་པའི་སྣེ་ཁྲིད་དེ“རིག་ལྡན་རྣམ་པའི་རྩྭ་ཐང་གི་སྐྱེ་ཁམས་མ་ལག་དོ་དམ་གྱི་རྣམ་གྲངས”ཚོད་ལྟ་བྱེད་བཞིན་ཡོད། ཁོང་ཚོས་འབྲོག་པ་དུད་ཚང་བཅུ་གྲངས་ཀྱི་རྩྭ་ར་བོགས་མར་བླངས་ནས་གཟན་རྩྭ་བཏབ་སྟེ་ས་བབ་མཐོ་ཚད་མི་འདྲ་བའི་འབྲོག་པའི་ཁྱིམ་ཚང་འབྲོག་རའི་གཟན་རྩྭ་སྐྱེ་ཚུལ་ལ་ལྟ་ཞིབ་བྱེད་བཞིན་འདུག
     “ད་ལྟ་ཡུག་པོ་སྨིན་པའི་ནམ་དུས་ཡིན་པས། ང་ཚོས་ཡུག་པོ་དེ་དག་གི་སྐྱེ་ཚུལ་ལ་ལྟ་རྒྱུ་དང་དུས་མཚུངས་ནད་འབུ་དང་ཨ་བྲའི་གནོད་འཚེ་ཡོད་མེད་ལྟ་རྒྱུ་ཡིན། དེ་འདྲ་བྱས་ན་སླད་ཕྱིན་ཁྱིམ་ཚང་འབྲོག་ར་འཕེལ་རྒྱས་གཏོང་རྒྱུར་ཧ་ཅང་གལ་འགངས་ཆེ་བའི་གདེང་འཇོག་དམིགས་ཚད་མཁོ་འདོན་ཐུབ་རྒྱུ་རེད”ཅེས་ཏུང་ཆོན་མིང་གིས་བརྗོད། ཕྱི་རོལ་དུ་ཞག་སྡོད་དང་བཟའ་བཏུང་བྱེད་སྐབས་ས་མཐོ་མི་འཕྲོད་པའི་དཀའ་སྡུག་བཟོད་བསྲན་བྱེད་རྒྱུ་ནི་ཁོང་དང་སློབ་མ་ཚོའི་རྒྱུན་གཏན་གྱི་བྱ་བ་ཞིག་ཡིན་ཞིང་། ཁོང་གིས“འབྲོག་ལས་ལ་ཞིབ་འཇུག་བྱེད་པར་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་སྟེང་ལྟ་ཞིབ་ཚད་ལེན་ཞིབ་འཇུག་གི་ལས་དོན་མང་པོ་སྒྲུབ་དགོས”ཞེས་བརྗོད།
     མཚོ་སྔོན་མི་རིགས་སློབ་ཆེན་སྨན་རྫས་སློབ་གླིང་གི་ཡོན་ཀྲང་གི་ངོས་ནས་ལོ་55ལ་སླེབས་པའི་ལིན་ཧྥུང་ཁྲེང་གིས་སློབ་མའི་སྣེ་ཁྲིད་དེ་ནགས་རའི་ནང་སྨན་རྫས་དཀར་པོ་ཆིག་ཐུབ་ཀྱི་མ་དཔེ་འཚོལ་བསྡུ་དང་སྨན་རྩྭ་སྐྱེ་ཚུལ་ལ་ཞིབ་འཇུག་བྱེད་བཞིན་འདུག
     ལིན་ཧྥུང་ཁྲེང་གིས་དུས་ཡུན་རིང་པོའི་ནང་མཚོ་བོད་ས་མཐོའི་བོད་སྨན་དེང་རབས་ཅན་གྱི་ཚན་རིག་ཞིབ་འཇུག་ལ་གཞོལ་ཞིང་། ཁོང་གིས“སློབ་མ་ཁྲིད་དེ་ས་བབ་མཐོ་ཁུལ་དུ་བོད་སྨན་གྱི་སྨན་རྩྭའི་ཐོན་ཁུངས་ལ་བརྟག་དཔྱད་དང་བོད་སྨན་སྨན་རྩྭའི་མ་དཔེ་འཚོལ་བསྡུ་དང་བཟོ་བ་སོགས་ཀྱི་ལས་དོན་སྤེལ་བ་དེས། སློབ་མའི་ཚན་ཞིབ་འཇོན་ཐང་ཆེ་རུ་གཏོང་ཐུབ་པ་དང་ཆབས་ཅིག་དཀའ་ཉེན་ལ་མི་སྐྲག་པ་དང་། དཀའ་སྤྱད་སྙིང་རུས། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་སློབ་མའི་ལས་ཀའི་སྙིང་སྟོབས་ལ་ཞུན་བརྡར་ཐེབས་ཀྱི་འདུག”ཅེས་བརྗོད།
     ཉིན་གུང་མཚམས་སུ། འབྲོག་པ་དུད་ཚང་བཅུ་གྲངས་ཀྱིས་བཏབ་པའི་གཟན་རྩྭར་ལྟ་ཞིབ་བྱས་རྗེས། མཚོ་སྔོན་སློབ་ཆེན་གྱི་བུད་མེད་འབུམ་རམས་པ་ལི་ཚའེ་ཏིས་རྒྱབ་ཁུག་ནས་ག་ལེར་སྤང་རྒྱན་དཀར་པོ་སྨུག་སྐྱ་ཞིག་བཏོན་ནས་དགེ་རྒན་ཏུང་ཆོན་མིང་ལ་སྤྲད་ཅིང་། ཁོང་གིས“སྤྱིར་བཏང་གི་རི་སྐྱེས་མེ་ཏོག་ཆུང་ཆུང་དེ་དག་ཕྱི་རོལ་ནས་བཏུས་པ་ཡིན་རུང་། ང་ཚོས་དགེ་རྒན་ལ་གུས་བཀུར་དང་བཀའ་དྲིན་ཞུ་ལུགས་མཚོན་གྱི་ཡོད”ཅེས་བརྗོད།
     དམེ་ཤུལ་འབྲོག་རར་ལིན་ཧྥུང་ཁྲེང་གིས་ཕ་བོང་ལ་བསྙེས་ནས་ངལ་གསོ་སྐབས། ལག་ཐོགས་ཁ་པར་བླངས་ནས“སློབ་གྲོགས་ཚོས་སྨོན་འདུན་ཞུས་པར་ཐུགས་རྗེ་ཆེ། མཚོ་སྔོན་གྱི་དམིགས་བསལ་སྐྱེ་ཁམས་ཁོར་ཡུག་གིས་འཛམ་གླིང་ཐོག་གི་ས་བབ་མཐོ་ཁུལ་གྱི་སྐྱེ་དངོས་རིགས་དང་གཞི་རྒྱུ་གཅིག་སྡུད་ཆེ་ཤོས་ཀྱི་ཁུལ་བཏོད་ཡོད། འདི་ཁུལ་ནི་སྐྱེ་ཁམས་ཚན་རྩལ་ལས་དོན་པའི་ལས་ཀ་བྱེད་ཡུལ་དང་ལག་ལེན་སློབ་ཁང་ཡིན་པས། ང་ཚོ་ཚང་མར་རི་ཆུའི་ཁྲོད་ནས་ཞིབ་འཇུག་གྲུབ་འབྲས་ཐོབ་པའི་རེ་བ་ཡོད”ཅེས་སློབ་མའི་ཆ་འཕྲིན་ལ་ལན་བཏབ་པ་རེད།