འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་13ཉིན།

༄༅།།དེང་དུས་འབྲོག་པའི་འཚོ་བ་དེ་བས་བདེ་སྐྱིད་ལྡན།

—— མཚོ་སྔོན་འབྲི་ཆུའི་ཆུ་འགོ་གྲོང་ཚོའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་13ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     “2004ལོའི་ཟླ་11ཚེས་25ཉིན། གོར་མོར་འབྱོར་བའི་ཉིན་དེར་སྲིད་གཞུང་གིས་ང་ཚོ་ཁྱིམ་ཚང་ཚང་མར་གཅིག་གྱུར་ཐོག་སྡོད་ཁང་གསར་པ་བསྐྲུན་པ་མཐོང་སྐབས། ཚང་མར་དགའ་སྤྲོ་དཔག་མེད་སྐྱེས་བྱུང”ལོ་མང་འདས་ཀྱང་ཀྲི་ཧྲུའུ་རྒན་གྲས་ཀུན་དགའ་རྣམ་རྒྱལ་གྱི་བློ་ངོར་ཐོག་མར་གྲོང་ཚོ་གསར་པར་སྤོས་པའི་གནས་ཚུལ་གསལ་པོར་ངེས་ནས་ཡོད།
     གནས་མ་སྤོས་གོང་གི་པར་རྙིང་པར་ལྟ་བཞིན་ཁོང་གིས“གནས་མ་སྤོས་གོང་ང་ཚོར་སེམས་ཁྲལ་ཆེན་པོ་བྱུང་། མི་རབས་ནས་མི་རབས་བར་འཚོ་བ་སྐྱེལ་མྱོང་བའི་རྩྭ་ཐང་ནས་འབྲལ་མི་འདོད་པ་དང་ལྷག་པར་དུ་ལོ་ན་མཐོ་བའི་གྲོང་མི་དེ་བས་སྤོ་མི་འདོད་པས་སེམས་སུ་གདེང་ཚོད་ཀྱང་མི་འདུག” གྲོང་མི་ཚོའི་བསམ་བློ་ཤེས་རྟོགས་བྱ་ཆེད། ཏང་ལོ་20ལྷག་ཙམ་ཡོད་པའི་ཀྲི་ཧྲུའུ་ཁོང་གིས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ་དུད་ཚང་ཁག་ཏུ་བསྐྱོད་དེ་གྲོང་མི་ཚོར་གནས་སྤོས་སྲིད་ཇུས་དྲིལ་བསྒྲགས་བྱས་ཏེ་ཚང་མ་བློ་བདེ་བར་བྱས།
     2004ལོའི་ཟླ་11པར་ཀུན་དགའ་རྣམ་རྒྱལ་ཚུད་པའི་དུད་ཚང་128ཡི་འབྲོག་པ་407ཚང་མ་མི་རབས་ནས་མི་རབས་བར་འཚོ་བར་རོལ་སའི་རྩྭ་ཐང་ནས་བྲལ་ཏེ་སྤྱི་ལེ་400ལྷག་ཙམ་གྱིས་བར་ཆོད་པའི་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་སྤོས། 2006ལོར་འབྲི་ཆུའི་ཆུ་འགོ་གྲོང་ཚོ་དངོས་སུ་སྒྲིག་ཚུད་གྲོང་ཚོར་གྱུར།
     སྡོད་ཁང་གསར་པར་སྤོས་ནས་འཚོ་བ་གསར་པ་སྐྱེལ་འགོ་ཚུགས། “སྐབས་དེ་དུས་ཚང་མས་གང་ཡང་ཤེས་ཀྱི་མེད། ཚལ་རྔོ་ཤེས་རྒྱུ་ལྟ་ཅིག མི་མི་ཉུང་བས་འབྲས་ཀྱང་བཙོ་མི་ཤེས” ཀུན་དགའ་རྣམ་རྒྱལ་གྱིས་གནས་སྤོས་མང་ཚོགས་རྣམས་འཚོ་བ་གསར་པར་གོམས་པར་བྱ་ཆེད། གྲོང་ཚོའི་ཏང་ཀྲི་པུས་གོར་མོ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ཏེ་གྲོང་ཚོར་འཚོ་བའི་སྐོར་གྱི་སློབ་ཚན་ཁྲིད་དེ་ཚང་མར་སོལ་རླངས་ཀྱི་ཐབ་སྤྱོད་སྟངས་བསླབས་པ་མ་ཟད། མ་བྱན་གྱི་གསོ་སྦྱོང་འཛིན་གྲྭ་ཡང་གཉེར་ཡོད། “མ་བྱན་གྱི་ལག་རྩལ་དང་འཚོ་བའི་རྩལ་ནུས་སྣ་ཚོགས་བསླབས་པ་དང་། ཀྲི་པུའུ་ཡིས་འཚོ་བའི་སློབ་ཁྲིད་སྒྲིག་འཛུགས་བྱས་པས་འཚོ་བ་གསར་པར་རིམ་བཞིན་གོམས་བྱུང”ཞེས་ཀུན་དགའ་རྣམ་རྒྱལ་གྱིས་དགོད་བཞིན་བརྗོད།
     ད་ཆ་འབྲོག་པ་ཚོའི་འཚོ་བ་གྲོང་མི་དང་ཁྱད་མེད་ཅིང་། འཁྱགས་སྒམ་ནང་སྔོ་ཚལ་དང་ཤིང་འབྲས་མང་ལ། གསོལ་ལྕོག་ཐོག་འབྲས་དང་། ཐུག་པ། སྔོ་ཚལ་བཅས་གང་དགོས་ཡོད། སྔོན་མའི་རྩམ་པ་དང་ཤ་སྐམ་པོ་དག་ད་ཆ་སྐུ་མགྲོན་ལ་སྣེ་ལེན་ཞུ་བའི་བཟའ་བཅར་གྱུར་ཡོད། གྲོང་ཚོའི་ཏང་ཀྲི་པུའི་རོགས་རམ་འོག་འབྲོག་པ་ལ་ལས་ཟ་ཁང་བཙུགས་ནས་ཚལ་དང་སིལ་ཟས་ཚོང་བ་དང་ལ་ལས་བསྟན་ཞིམ་དང་མངར་ཟས་བཙོང་གི་ཡོད། “སྔོན་མ་ཟ་མི་ཐུབ་པའི་ཟ་མ་ད་ཆ་ཚང་མ་ཟ་རྒྱུ་ཡོད་ལ། དེ་སྔ་སྤྱོད་མྱོང་མེད་པའང་ད་ཆ་སྤྱོད་རྒྱུ་ཡོད་པས། འཚོ་བ་ཧ་ཅང་སྐྱིད་པོ་འདུག”ཅེས་ཀུན་དགའ་རྣམ་རྒྱལ་གྱིས་བརྗོད།
     གནས་སྤོས་མང་ཚོགས་ཀྱི་འབབ་ཁུངས་ནི་གྲོང་མི་ཚོས་སེམས་ཁྲལ་བྱེད་པའི་གནད་དོན་ཆེན་པོ་ཞིག་ཡིན། “ང་ཚོ་འདི་གར་སྤོས་ཀྱང་། འབྲོག་ས་དང་འབྲལ་མེད” ལོ་50ལ་སླེབས་པའི་ཏང་ཡོན་བཟང་པོ་ནི་རྩྭ་ཐང་སྲུང་མཁན་ཞིག་རེད། ཟླ་ཕྱེད་རེར་རུ་མི་གཞན་སྒྲིག་འཛུགས་བྱས་ཏེ་རི་སྐོར་རྒྱག་སར་ཐེངས་གཅིག་འགྲོ་བ་དང་། ཐེངས་རེར་ཉིན་གསུམ་བཞི་འགོར་ལ། སྐབས་སྐབས་སུ་གཟའ་འཁོར་གཅིག་ལྷག་ཙམ་ཡང་འགོར་གྱི་ཡོད།
     “གནས་སྤོས་རྗེས་ང་ཚོ་འབྲོག་པ་ད་ཆ་གླ་ཆ་ལེན་མཁན་གྱི་རྩྭ་ཐང་སྲུང་སྐྱོང་པར་གྱུར་ཡོད” ཁོང་གིས“རྒྱལ་ཁབ་ཀྱིས་ཟླ་རེར་ང་ཚོ་རྩྭ་ཐང་སྲུང་སྐྱོང་པར་གླ་ཆ་སྒོར་1800སྤྲད་པའི་ཐོག་ད་དུང་རྩྭ་ཐང་གི་བྱ་དགའི་ཁ་གསབ་ཀྱང་ལེན་རྒྱུ་ཡོད་པས་ལྟོ་གོས་ལ་སེམས་ཁྲལ་མི་འདུག”ཅེས་བརྗོད་བྱུང་།
     “རྩྭ་ཐང་སྲུང་སྐྱོང་པ་བཀོད་སྒྲིག་བྱས་པར་བརྟེན་སྐྱེ་ཁམས་སྲུང་སྐྱོང་ཐུབ་པ་མ་ཟད། གནས་སྤོས་ཡུལ་མིའི་ཡོང་འབབ་ཀྱི་གནད་དོན་ཡང་ཐག་གཅོད་བྱུང་ཡོད། རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་འགྲོ་བ་མཐོང་སྐབས་རྩྭ་ཐང་སྲུང་སྐྱོང་པ་ཚོའི་ལས་ཀའི་སྤྲོ་སེམས་ཀྱང་ཆེ་རུ་ཕྱིན་ཡོད” འབྲི་ཆུའི་ཆུ་འགོ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བཀྲ་ཤིས་ཟླ་བས། ད་ཆ་གྲོང་ཚོར་རྩྭ་ཐང་སྲུང་མཁན་194དང་འདམ་ར་སྲུང་མཁན་33ཡོད་པས་རྩྭ་ཐང་དུ་ཕྱུགས་འཚོ་བ་གཏན་འགོག་དང་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ལ་ཤུགས་སྣོན་ཐེབས་ཡོད། ཕྱུགས་འགོག་གི་རྩྭ་ར་རྒྱ་ཁྱོན་མུའུ་ཁྲི་501.1ཡོད་ཅེས་བརྗོད་བྱུང་།
     བཀྲ་ཤིས་ཟླ་བས“ང་ཚོ་ནི་རྩྭ་ཐང་གི་བུ་ཕྲུག་ཡིན་པས་ཚང་མར་ཐུན་མོང་གི་ཁྱིམ་གཞིས་ཡག་པོ་སྲུང་བའི་འོས་འགན་ཡོད། ང་ཚོ་ཏང་ཡོན་ཚོས་གདོང་ལེན་དཔེ་བཟང་གི་ནུས་པ་དེ་བས་འདོན་དགོས། ད་ཆ་གྲོང་ཚོའི་དོ་དམ་སྲུང་སྐྱོང་རུ་ཁག་ཚང་མར་ཏང་ཡོན་ཡོད་པ་དང་ཁོང་ཚོས་རུ་མི་ཚོའི་སྣེ་ཁྲིད་དེ་རྩྭ་ཐང་སྲུང་སྐྱོང་དེ་བས་ཡག་པོ་ཐུབ་ངེས་རེད”ཅེས་བརྗོད་བྱུང་།
     གསར་དུ་བསྐྲུན་པའི་གྲོང་ཚོའི་ལོ་རྒྱུས་ཁང་དུ་ཀུན་དགའ་རྣམ་རྒྱལ་གྱིས་ཏང་ཡོན་ཚོར་སློབ་ཚན་འཁྲིད་བཞིན“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཡག་པོ་ཡོད་པས་ང་ཚོའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན”ཞེས་བརྗོད།