འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་11ཉིན།

༄༅།།ཐོབ་ཐང་ལག་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གཱ་ཡི་ཚབ་བྱེད་ཐུབ་པ།

——བོད་ལྗོངས་ལྷ་ས་གྲོང་ཁྱེར་དུ་ནད་གཞི་ལྟ་བ་དང་སྨན་ཉོ་སྐབས་སྔར་བས་སྟབས་བདེ་རུ་ཕྱིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་11ཉིན། 13:27】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། གསར་འགོད་པར་བོད་ལྗོངས་ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཀྱི་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བསྐྲུན་པ་དང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་བེད་སྤྱོད་དང་ཁྱབ་གདལ་གཏོང་འགོ་བཙུགས་ཚུན། དེ་སྔའི་སྨན་བཅོས་འགན་བཅོལ་གཱ་རྩིས་མེད་དུ་བཏང་བ་དང་བོད་ལྗོངས་ལྷ་ས་གྲོང་ཁྱེར་གྱི་འགན་བཅོལ་ནང་ཞུགས་མཁན་ཚང་མས་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་། ཐོབ་ཐང་ལག་ཁྱེར། སྤྱི་ཚོགས་འགན་བཅོལ་གཱ་སོགས་སྤྱད་ནས་ནད་གཞི་ལྟ་བ་དང་སྨན་ཉོ་སྐབས་ཐད་ཀར་སྨན་རིན་རྩིས་རྒྱག་ཆོག་གི་ཡོད།
     དེ་སྔ། རྒྱ་ཆེའི་འགན་བཅོལ་ནང་ཞུགས་མཁན་ཚོས་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་ནས་སྨན་ཉོ་སྐབས། སྨན་བཅོས་འགན་བཅོལ་གཱ་ཁྱེར་ནས་སྨན་ཉོ་དགོས་པ་དང་། སྐབས་རེ་སྨན་བཅོས་འགན་བཅོལ་གཱ་འཁྱེར་རྒྱུ་བརྗེད་ནས་དངུལ་སྨར་སྤྲོད་དགོས་འཁེལ་གྱི་ཡོད། ད་ཆ་འགན་བཅོལ་ནང་ཞུགས་མཁན་གྱིས་ཐོབ་ཐང་ལག་ཁྱེར་ལ་བརྟེན་ནས་སྨན་ཉོ་ཆོག་པས་སྟབས་ཧ་ཅང་བདེ་པོ་ཡོད།
     ཆ་རྐྱེན་གང་དག་ལྡན་ཚེ་ཐོབ་ཐང་ལག་ཁྱེར་གྱིས་སྨན་བཅོས་འགན་བཅོལ་གཱ་ཡི་ཚབ་བྱེད་ཐུབ་བམ། དང་ཐོག ཐོབ་ཐང་ལག་ཁྱེར་སྤྱད་དེ་ནད་གཞི་ལྟ་བ་དང་སྨན་ཉོ་མཁན་རྣམས་ངེས་པར་དུ་འགན་བཅོལ་ནང་ཞུགས་མཁན་ཡིན་དགོས་པ་དང་། གཉིས་ནས། སྤྱོད་པའི་ཐོབ་ཐང་ལག་ཁྱེར་དེ་ངེས་པར་དུ་འགན་བཅོལ་ནང་ཞུགས་མཁན་རང་ཉིད་ཀྱི་རབས་གཉིས་པའི་ཐོབ་ཐང་ལག་ཁྱེར་ཡིན་དགོས་ལ་གོ་ཆོད་དུས་བཅད་ནང་ཡིན་དགོས། གོང་གསལ་གྱི་ཆ་རྐྱེན་གཉིས་ལྡན་ཚེ་སྨན་ཉོ་བ་དང་སྨན་ཁང་དུ་སྨན་བཅོས་བྱེད་སྐབས་ཐོབ་ཐང་ལག་ཁྱེར་སྤྱད་ན་འགྲིག གཞན་ཡང་། འགན་བཅོལ་ནང་ཞུགས་མཁན་གྱིས་ད་དུང་སྨན་བཅོས་འགན་བཅོལ་གྱི་གློག་རྡུལ་དཔང་འཛིན་དང་སྤྱི་ཚོགས་འགན་བཅོལ་གཱ་སྤྱད་ནས་ནད་གཞི་ལྟ་བ་དང་སྨན་ཉོ་ཆོག་གི་ཡོད།
     གསར་འགོད་པར་ཤེས་རྟོགས་བྱུང་བར། ཐོབ་ཐང་ལག་ཁྱེར་གྱི་སྨན་བཅོས་འགན་བཅོལ་གཱ་ཡི་གསང་བའི་ཨང་གྲངས་བཟོ་བཅོས་རྒྱག་སྟངས་རིགས་གཉིས་ཡོད་པ་སྟེ། གཅིག་ནི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་འགན་བཅོལ་ནང་ཞུགས་སའི་ཁོངས་གཏོགས་ཁུལ་གྱི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་སྒྲིག་གཞིར་བཟོ་བཅོས་རྒྱག་པར་འགྲོ་དགོས་པ་དཔེར་ན། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་སྨན་བཅོས་འགན་སྲུང་ཅུས་དང་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་སྨན་བཅོས་འགན་སྲུང་ཅུས་སོགས་ལྟ་བུ། གཉིས་ནི་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་ཁྱེར་ཏེ་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིར་བཟོ་བཅོས་རྒྱག་པར་འགྲོ་དགོས་པ་དང་གྲོང་ཁྱེར་ནང་གི་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་གང་རུང་ཞིག་ཏུ་ཕྱིན་ན་འགྲིག
     གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞི་ནས་བཟོ་བཅོས་ཇི་ལྟར་རྒྱག་དགོས། འགན་བཅོལ་ནང་ཞུགས་མཁན་གྱིས་ཐོབ་ཐང་ལག་ཁྱེར་གནས་གཏན་འཁེལ་གྱི་སྨན་དང་སྨན་བཅོས་སྒྲིག་གཞིའི་གྲོན་དངུལ་ལེན་མཁན་ལ་སྤྲོད་པ་དང་ཕ་རོལ་པོས་གློག་ཀླད་ནས་འབྲེལ་ཡོད་བཀོལ་སྤྱོད་བྱས་རྗེས། འགན་བཅོལ་ནང་ཞུགས་མཁན་གྱིས་ཐོག་མའི་གསང་བའི་ཨང་གྲངས་འཇུག་པ་དང་དེ་ནས་གསང་བའི་ཨང་གྲངས་གསར་པ་བཟོས་ན་འགྲིག