འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་10ཉིན།

༄༅།།འབྲི་ཆུའི་ཆུ་འགོའི་ཁུལ་ནས་སོག་པོ་ཁྲ་ཡག་གནའ་བོའི་འཁྱགས་རོམ་གྱི་རྗེས་ཤུལ་རྙེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་10ཉིན། 10:36】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། 2021ལོའི་འབྲི་ཆུའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རུ་ཁག་གིས་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་འབྲི་སྟོད་རྫོང་སྟོད་རྩེ་ཤང་སོག་པོ་ཁྲ་ཡག་ལ་ཚན་རིག་རྟོག་ཞིབ་བྱེད་སྐབས། འབྲི་ཆུའི་ཆུ་འགོའི་ཁུལ་ནས་གནའ་བོའི་འཁྱགས་རོམ་གྱི་རྗེས་ཤུལ་རྙེད་ཅིང་། འཁྱགས་སྣེ་ས་བབ་མཐོ་ཚད་སྨི་5876ཟིན་པའི་དཀར་ལ་གངས་རིའི་རྩེ་མོ་ནས་འབྲི་ཆུའི་རིམ་པ་དང་པོའི་ཆུ་ལག་ཉ་ཆགས་ཆུའི་བར་སྣུར་སྲིང་ཐུབ་ཡོད། དེའི་རིང་ཐལ་རྡོའི་ས་དབྱིབས་ཆགས་ཚུལ་འཁྱགས་རོམ་གྱིས་བཏུམས་ནས་སྟོང་སྨི་20ཙམ་ཟིན་པའི་འཁྱགས་རོང་ཆགས་ཡོད། འཁྱགས་རོམ་གྱི་རྗེས་ཤུལ་དེར་སོག་པོ་ཁྲ་ཡག་འཁྱགས་རོང་ཞེས་འབོད་ཀྱི་ཡོད།
   ཤེས་རྟོགས་བྱུང་བར་གཞིགས་ན། སོག་པོ་ཁྲ་ཡག་གི་འཁྱགས་རོང་ནི་ས་གཞི་ཆགས་རིམ་བཞི་པའི་དུས་སུ་འཁྱགས་རོམ་དུས་ཡུན་རིང་པོ་ཆགས་ནས་ལུས་པའི་རྗེས་ཤུལ་ཡིན་པ་དང་། གཙོ་བོ་ནི་མཚོ་བོད་ས་མཐོ་མཐོ་རུ་ཤུགས་ཆེན་ཕྱིན་པ་དང་འགྱུར་མཚམས་ཀྱི་མཐོ་ཚད་དུ་སླེབས་པ་མ་ཟད། ས་མཐོའི་དུས་རླུང་ཆགས་ཤིང་། ས་མཐོའི་དུས་རླུང་ཆགས་པ་ལས་སའི་གོ་ལའི་ཕྱེད་བྱང་མའི་རླུང་ཁམས་ཆེན་པོའི་འཁོར་རྒྱུག་ལ་འགྱུར་ལྡོག་བྱུང་བ་ཞིག་རེད། སོག་པོ་ཁྲ་ཡག་འཁྱགས་རོང་གི་རྗེས་ཤུལ་ནི་འབྲུ་ཆུའི་ཆུ་འགོའི་ཁུལ་གྱི་ཆེ་ཤོས་དང་། རིང་ཤོས། དཔེ་མཚོན་ཆེ་ཤོས་བཅས་ཀྱི་ཁུལ་ཞིག་རེད། དེ་ནི་ས་བབ་མཐོ་ཚད་སྨི་5876ཟིན་པའི་དཀར་ལ་གངས་རིའི་རྩེ་མོ་ནས་ཉ་ཆགས་ཆུ་བོར་བབས་པ་དང་། ད་ཆ་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དང་འཁྱགས་དུས་སུ་སླེབས་པ་དང་བསྟུན་ནས་འཁྱགས་སྣེ་རིམ་བཞིན་བཞུར་ཡོད་པ་རེད།