འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་9ཉིན།

༄༅།།མཚོ་སྔོན་སྐུ་མགྲོན་གཙོ་བོའི་ཞིང་ཆེན་གྱི་ངོས་ནས་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་
སྐབས་ཉེར་གཅིག་པར་ཞུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་09ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཟླ་9ཚེས་6ཉིན་ཀྲུང་གོ་རྒྱལ་སྤྱིའི་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཅིག་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཞ་མོན་དུ་འཚོགས་པ་རེད། མཚོ་སྔོན་སྐུ་མགྲོན་གཙོ་བོའི་ཞིང་ཆེན་ཡིན་པའི་ངོས་ནས་སྐབས་འདིའི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུར་ཞུགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མཐའ་གཅིག་ཏུ་ལག་བསྟར་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ“ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ཐད་གནང་བའི་ངེས་གནས་དང“མཐོ་ས་བཞི”འཛུགས་སྐྲུན་སོགས་ཀྱི་མཛུབ་ཁྲིད་ཀྱི་བླང་བྱ་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པ་གང་ལེགས་མངོན་པར་བྱས་ཏེ། མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཤུགས་རྐྱེན་ཆེན་པོ་དང་མ་འཇོག་ཚོང་དོན་གྱི་ལས་སྟེགས་གལ་ཆེན་ལ་བརྟེན་ནས“ནང་དུ་གདན་འདྲེན”དང“ཕྱིར་སྐྱོད་པའི”ཐད་སྤེལ་རེས་བྱས་ཏེ་རྒྱལ་ཁབ་ཕྱི་ནང་གི་རྒྱ་ཆེའི་ཚོང་འགྲུལ་རྣམས་ལ་མཚོ་སྔོན་གྱི་གདེང་ཚོད་དང་། སྒོ་དབྱེ། གསར་གཏོད་བཅས་ཀྱི་གཟུགས་བརྙན་གསར་པ་མངོན་པར་བྱས་ཡོད།
   མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་ཉེར་གཅིག་པ་ཟླ་9ཚེས་8ནས་11ཉིན་བར་ཞ་མོན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ་དང་། སྐབས་འདིའི་ཚོགས་ཆེན་ཐོག“འཕེལ་རྒྱས་ཀྱི་བཀོད་པ་གསར་པའི་འོག་གི་རྒྱལ་སྤྱིའི་མ་འཇོག་གི་གོ་སྐབས་གསར་པ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན། འབོ་གསེར་རྒྱལ་ཁབ་ཀྱི་བཟོ་ལས་གསར་བརྗེ་གསར་པའི་རོགས་ཟླའི་འབྲེལ་བ་སོགས་ཀྱི་གྲོས་གཞིར་དམིགས་ཏེ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར། བཟོ་ལས་འབྲེལ་མཐུད། སྐྱེ་དངོས་ཚན་རྩལ་སོགས་གླེང་མང་བའི་ཁྱབ་ཁོངས་ལ་གཞིགས་ཏེ་འགྲེམས་སྟོན་དང་། གླེང་སྟེགས་བགྲོ་གླེང་། འབྲེལ་མཐུད་དང་ངོ་འཕྲད་གྲོས་མོལ་སོགས་ཀྱི་བྱེད་སྒོ་གཉེར་རྒྱུ་ཡིན་པ་རེད།
   གསར་འགོད་པར་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། སྐབས་འདིའི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་སྐུ་མགྲོན་གཙོ་བོའི་ཞིང་ཆེན་ཡིན་པའི“མཚོ་སྔོན་འགྲེམས་ཁང”གི་དམིགས་བསལ་འགྲེམས་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་506ཟིན་པ་དང་འགྲེམས་ཁང་དུ“མཛེས་པའི་མཚོ་སྔོན། ལྗང་མདོག་འཕེལ་རྒྱས”བརྗོད་དོན་གཙོ་བོར་བྱས་ཏེ་སྐྱེ་ཁམས་འཕེལ་རྒྱས་གསར་གཏོད་ཀྱི་འདུ་ཤེས་གཏོད་པར་དམིགས་ནས་དེང་རབས་ཚན་རྩལ་བྱ་ཐབས་དང་མཐོང་སྣང་ལ་བརྟེན་ཏེ“མཐོ་ས་བཞི”འཛུགས་སྐྲུན་གྱི་གྲུབ་འབྲས་གསར་ཤོས་འགྲེམས་སྟོན་བྱས་པ་དང་མཚོ་སྔོན་གྱི་ལེགས་ཆའི་ཐོན་ཁུངས་དང་། ཁྱད་ལྡན་ཐོན་རྫས། སྐྱེ་ཁམས་ཡུལ་སྐོར་གྱི་རྩེར་སོན་ལམ་ཐིག་བཅས་དྲིལ་བསྒྲགས་འོས་སྦྱོར་བྱས་ནས་ཚོགས་ཞུགས་སྐུ་མགྲོན་ཚོས་མཚོ་སྔོན་འཕེལ་རྒྱས་ཀྱི་ལམ་བུ་གསར་རྐྱང་ཞིག་ཐད་ཀར་མྱོང་ཚོར་ཐུབ་རྒྱུ་རེད། ཚོགས་ཆེན་རིང་མཚོ་སྔོན་ཞིང་ཆེན་གྱིས་མ་འཇོག་འོས་སྦྱོར་ངོ་སྤྲོད་སོགས་ཚོང་དོན་གྱི་བྱེད་སྒོ་མང་པོ་སྒྲིག་འཛུགས་དང་བཀོད་སྒྲིག་བྱས་ཤིང་། སྐུ་མགྲོན་གཙོ་བོའི་ཞིང་ཆེན་མཚོ་སྔོན་གྱི་འགྲེམས་ཁང་གི་སྒོ་དབྱེའི་མཛད་སྒོ་ཟླ་9ཚེས་8ཉིན་གྱི་སྔ་དྲོ་འཚོགས་པ་དང་། ཧྥུའུ་ཅན་དང་མཚོ་སྔོན་ཞིང་ཆེན་གྱི་འགོ་ཁྲིད་དང་ཕྱོགས་ཁག་གི་འཐུས་མིས་འགྲེམས་ཁང་སྒོ་ཕྱེ་བར་མཉམ་དུ་ཞུགས་པ་དང་སྦྲགས། མཚོ་སྔོན་འགྲེམས་ཁང་ལ་སྐོར་གཟིགས་ཀྱང་བྱས་པ་རེད། ཚེས་8ཉིན་གྱི་ཕྱི་དྲོ་ད་དུང“མཚོ་སྔོན་ཞིང་ཆེན་གྱི་མ་འཇོག་ཚོང་དོན་དང་རིག་གནས་ཡུལ་སྐོར་གྱི་འོས་སྦྱོར་ངོ་སྤྲོད་ཚོགས་འདུ”འཚོགས་ཏེ་མཚོ་སྔོན་ཞིང་ཆེན་གྱི་མ་འཇོག་ཁོར་ཡུག་དང་། མ་འཇོག་ལེགས་ཆ། མ་འཇོག་ཁྱབ་ཁོངས་དང་མ་འཇོག་སྲིད་ཇུས་བཅས་འོས་སྦྱོར་ངོ་སྤྲོད་བྱས་པ་རེད། བྱེད་སྒོ་སྤེལ་རིང་ད་དུང་ཞིང་ཆེན་ཕྱི་ནང་གི་ཁེ་ལས་ཀྱི་ཐོན་རྫས་སྦྲེལ་མཐུད་དང་། མ་འཇོག་ངོ་འཕྲད་གྲོས་མོལ། གཅིག་སྡུད་གན་རྒྱ་འཇོག་པ་སོགས་ཀྱི་ཚོང་དོན་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་རེད།