འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་8ཉིན།

༄༅།།ཁྲོན་ནུབ་རི་ཁུག་ནས་གྲགས་པའི་ཕྱུག་འགྱུར་གླུ་སྒྲ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་08ཉིན། 09:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།ཁྲོན་ནུབ་རི་ཁུག་ནས་གྲགས་པའི་ཕྱུག་འགྱུར་གླུ་སྒྲ།
   ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་9ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་དགུ་པའི་ཟླ་སྟོད་དུ་སི་ཁྲོན་ནུབ་བྱང་རྒྱུད་ཀྱི་ས་མཐོར་ཆགས་པའི་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཁྲོ་ཆུ་རྫོང་བྷི་རྡོ་གྲོང་ཚོར་ཆར་པ་ཆད་དེ་གནམ་རབ་ཏུ་དྭངས་ལ། རི་ཀླུང་ཀུན་ཏུ་སྙན་ཞིང་འཇེབས་པའི་གླུ་དབྱངས་ལྷང་ལྷང་གྲགས།
   “ང་ཚོས་གཡང་ཁྱིམ་འདི་ནས་གླུ་ཞིག་ལེན། གླུ་ལེན་ན་མེས་པོའི་གླུ་དབྱངས་ལེན”ཞེས་རི་རྐེད་དུ་ཡོད་པའི་ཨར་འདམ་བཏིང་པའི་ཐང་སྡེར་ཆུང་ཆུང་ཞིག་ཏུ། ལོ་49ལ་སོན་པའི་གྲོང་མི་ཚེ་རིང་རྒྱལ་དང་གྲོང་མི་གཞན་བཅུ་གྲངས་ཤིག་གིས་སྣམ་བུའི་ཕྱུ་པ་གྱོན་ཞིང་ལག་ཏུ་དཀར་ཡོལ་འབྲུག་རིས་མ་སོགས་འཁྲབ་ཆས་ཁྱེར་ནས་ཨ་དམུ་བའི་དམངས་ཁྲོད་གླུ་གཞས་ལེན་བཞིན་མཆིས།
   ནང་སྦྱོང་ཡིན་ཡང་ཁོང་ཚོས་གར་སྟེགས་སྟེང་དུ་འཁྲབ་སྟོན་བྱེད་པ་ལྟར་དོ་དོ་ནན་ནན་བྱེད་ཀྱི་ཡོད་པ་དང་། རྒྱུ་མཚན་ནི་སྐབས་ཤིག་རིང་ལེན་མཁན་གཅིག་ཀྱང་མེད་པར་གྱུར་པའི་གནའ་བོའི་དམངས་གཞས་འདི་འཛམ་གླིང་གི་གར་སྟེགས་ཐོག་བསྐྱོད་པ་དང་སྦྲགས་གྲོང་མི་ཚོ་དབུལ་སྒྲོལ་ཕྱུག་འགྱུར་གྱི་ཐོན་ལས་ཤིག་ཏུ་གྱུར་པ་ནི་ལས་སླ་པོ་ཞིག་མིན་པ་ཤེས་པས་རེད།
   ཨ་དམུ་བའི་དམངས་གཞས་ནི་ཟུང་ཆུའི་སྟོད་རྒྱུད་ནས་དར་ཞིང་། ལོ་བརྒྱ་སྟོང་མང་པོར་ས་གནས་དེའི་བོད་རིཌ་མི་དམངས་ཀྱིས་རྒྱུན་འཛིན་བྱས་ཡོད། བྷི་རྡོ་གྲོང་ཚོ་ཀྲི་པུའི་ཧྲུའུ་ཅི་གཡང་ཚ་བཀྲ་ཤིས་ཀྱིས། ཨ་དམུ་བའི་དམངས་གཞས་ནི་ཕོ་མོ་གཉིས་མཉམ་ལེན་བྱེད་པ་ཞིག་ཡིན། “མི་མང་པོ་ཡོད་ཚེ་གཞི་ནས་ལེན་ཐུབ”ཅེས་ངོ་སྤྲོད་བྱས་པ་རེད།
   2014ལོར། སྒྱུ་རྩལ་རྣམ་གྲངས་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་མོད། ཡིན་ན་ཡང་ཐག་རིང་ལུང་ཁུག་ཏུ་ཡོད་པ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་རྐྱེན་གྱིས་སྒྱུ་རྩལ་དེ་ཀུན་གྱིས་མ་ཤེས་པ་རེད། འོན་ཀྱང་། མི་རབས་ནས་མི་རབས་བར་དེ་གར་སྡོད་པའི་བོད་རིགས་མང་ཚོགས་ལ་མཚོན་ན། ཁོང་ཚོའི་འཚོ་བའི་ཁྲོད་དུ་གླུ་གཞས་ནི་མེད་དུ་མི་རུང་བ་ཞིག་རེད།
    ལོ་40ལྷག་གི་གོང་སྟེ། ཚེ་རིང་རྒྱལ་ཆུང་དུས་ནས་དེ་ལྟ་བུའི་གླུ་གཞས་ཁྲོད་དུ་འཚར་ལོངས་བྱུང་བ་རེད། ཁོང་གི་དྲན་ཤེས་ངོས་སུ་ཞོགས་པར་སྔ་མོ་ནས་དགོང་མོའི་བར་མགྲོན་པོ་སྐྱེལ་བསུ་དང་། བཀྲ་ཤིས་རྟེན་འབྲེལ་ཞུ་བ། དབྱར་འདེབས་སྟོན་བསྡུ། དགའ་རོགས་སྒྲིག་པ་སོགས་གང་བྱས་ཀྱང་ཕོ་མོ་རྒན་གཞོན་ཚང་མས་དམངས་གཞས་དེ་ལེན་གྱི་ཡོད་པ་རེད།
    ཡིན་ན་ཡང་ཚེ་རིང་རྒྱལ་འཚར་ལོངས་བྱུང་རྗེས་མཐའ་འཁོར་གྱི་གླུ་གཞས་ཉུང་དུ་ཕྱིན་ནས་གླུ་ལེན་རོགས་ཤིག་ཀྱང་རྙེད་ཁག་པོར་གྱུར་ཡོད་པ་རེད། ཁྲོ་ཆུ་རྫོང་ནི་དེ་སྔ་སི་ཁྲོན་གྱི་རྫོང་དབུལ་ཤོས་ཤིག་ཡིན་ལ། གནམ་གཤིས་སྐྱོ་བའི་ཁར་ས་གཤིས་ཀྱང་ཡག་པོ་མེད་པ་རེད། དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མཇུག་དང་དགུ་བཅུའི་སྟོད་དུ། བྷི་རྡོ་གྲོང་ཚོའི་གཞོན་དར་ཚོ་སོ་སོའི་ཕ་ཡུལ་དང་གྱེས་ནས་གྲོང་ཁྱེར་དུ་བསྐྱོད་དེ་འབད་འཐབ་བྱས་ཤིང་། ཚེ་རིང་རྒྱལ་གྱིས་ཀྱང་མཱན་གཏེར་ཁུལ་ཞིག་ཏུ་ལས་ཀ་བྱས་པ་དང་། ཕྱིས་སུ་རྫོང་འགྲིམ་འགྲུལ་སྡེ་ཚན་དུ་ལས་ཀ་བྱས་པས་དམངས་གཞས་དེ་ལེན་ཉུང་དུ་ཕྱིན་པ་རེད།
   ཡིན་ན་ཡང་སྒྱུ་རྩལ་དེར་བཅངས་པའི་སྤྲོ་སེམས་ནམ་ཡང་ཉམས་མྱོང་མེད། དེའི་རྗེས་ཀྱི་ལོ་ཁ་ཤས་ནང་། ཁོམ་པ་བྱུང་རིམ་བཞིན་ཚེ་རིང་རྒྱལ་གྲོང་ཚོར་ལོག་སྟེ་ཆུང་དུས་ཀྱི་གླུ་ལེན་རོགས་དང་མཉམ་དུ་དམངས་གཞས་དེ་ལེན་གྱི་ཡོད་པ་རེད། “སྐབས་དེ་དུས་སྣུམ་ནག་ལམ་མེད་པས་རྫོང་གྲོང་ནས་གྲོང་ཚོའི་བར་གྱི་སྤྱི་ལེ་60ཙམ་སྐྱོད་པར་ཆུ་ཚོད་ཁ་ཤས་འགོར་གྱི་འདུག”ཅེས་ཕྱིར་དྲན་བྱས་པ་དང་། རྗེས་སུ་ཁོང་གིས་ལས་ཀ་རྩ་དགོངས་ཞུས་ནས་གྲོགས་པོ་ཁ་ཤས་དང་མཉམ་དུ་རྔ་བ་ཀྲོའུ་ཡི་ས་ཆ་ཁག་ཏུ་དམངས་ཁྲོད་འཁྲབ་སྟོན་བྱེད་པར་བསྐྱོད། ཁོང་གིས་དམངས་གཞས་དེ་ལེན་མཁན་ཇེ་ཉུང་དུ་འགྲོ་བའི་རྒྱུ་རྐྱེན་ནི་ཚང་མ་ཨ་དམུ་བའི་དམངས་གཞས་ལ་དགའ་ཞེན་མེད་པ་མ་ཡིན་པར་ཁོར་ཡུག་མེད་པས་ཡིན་པ་རིམ་གྱིས་ཤེས་པ་རེད།
    དེ་དང་ཆབས་ཅིག ཁྲོ་ཆུ་རྫོང་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཚན་གྱིས་དྲན་ཤེས་རང་བཞིན་གྱི་སྲུང་སྐྱོང་དང་། མྱུར་སྐྱོབ་རང་བཞིན་གྱི་སྲུང་སྐྱོང་། ས་ཁོངས་རང་བཞིན་གྱི་སྲུང་སྐྱོང་སོགས་བྱེད་ཐབས་མང་པོ་སྤྱད་དེ་སྟོངས་ལ་ཉེ་བའི་དམངས་ཁྲོད་སྒྱུ་རྩལ་དེ་མྱུར་སྐྱོབ་བྱས་པ་རེད། 2007ལོར། དམངས་གཞས་དེ་སི་ཁྲོན་གྱི་ཞིང་ཆེན་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཚུད་དེ་ཚེ་རིང་རྒྱལ་དང་ཁོང་གི་གྲོགས་པོ་ཚོར་ལྕག་སྐུལ་ཆེན་པོ་ཐེབས་ཡོད་པ་རེད།
   ཉེ་བའི་ལོ་ཤས་རིང་། དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་བསྟུན་ནས། བྷི་རྡོ་གྲོང་ཚོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། 2017ལོར། དེ་སྔའི་གྲོང་ཚོ་དབུལ་པོ་བྷི་རྡོ་གྲོང་ཚོས་དབུལ་ཞྭ་ཕུད་དེ་2019ལོར་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2020ལོའི་ལོ་མཇུག་ཏུ། མི་373ལས་མེད་པའི་གྲོང་ཚོ་ཆུང་ཆུང་དེའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12400ལྷག་ཟིན་ཡོད་པ་རེད།
    བྷི་རྡོ་གྲོང་ཚོར་ཁ་གཏད་དབུལ་སྐྱོར་བྱེད་མཁན་ཚན་པ་སྟེ་ཁྲོ་ཆུ་རྫོང་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱི་ལས་དོན་མི་སྣ་ཁྲེན་པིན་གྱིས། ད་ཆ། གྲོང་ཚོའི་ནང་དུ་ཨར་འདམ་ལམ་བཏིང་བ་དང་། གྲོང་ཚོ་ཡོངས་ཀྱི་འཐུང་ཆུའི་གནད་དོན་ཐག་གཅོད་བྱས་པ། གློག་དང་རླུང་འཕྲིན་བརྙན་འཕྲིན་ཤར་གཏོང་ཐུབ་པ། གྲོང་ཚོ་ཡོངས་ལ་དྲ་ཆེན་ཁྱབ་པ་བཅས་བྱུང་བ་མ་ཟད། ད་དུང་འདེབས་འཛུགས་དང་གསོ་ཚགས་སོགས་ལས་རིགས་ཀྱང་འཕེལ་རྒྱས་གཏོང་བཞིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
   “ཨ་དམུ་བའི་དམངས་གཞས་ལས་རང་ངོས་ཀྱི་ཚོང་ལས་རིན་ཐང་མངོན་ཡོད། གལ་སྲིད་དམངས་གཞས་འདི་ཐོན་ལས་ཤིག་དང་ཟུང་འབྲེལ་བྱས་ཚེ། གནའ་བོའི་དམངས་གཞས་སྲུང་སྐྱོང་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་ད་དུང་ས་གནས་དེ་གའི་མང་ཚོགས་ཀྱི་ཡོང་འབབ་འཕར་རྒྱུར་ཡང་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་ཁྲོ་ཆུ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་ཐན་ཀྲི་ཡིས་བཤད་པ་དང་། 2017ལོར། གྲོང་ཚོ་དེས་ཁོངས་མི་30ལྷག་ཡོད་པའི་ཨ་དམུ་བའི་དམངས་གཞས་འཁྲབ་སྟོན་མཉམ་ལས་ཁང་བཙུཌ་ཤིང་། རྫོང་གིས་ཁོང་ཚོ་རང་རྒྱལ་ནས་ཐོན་ཏེ་རི་པིན་དང་ཨ་རི་སོཌ་ཕྱི་རྒྱལ་དུ་འཁྲབ་སྟོན་བྱ་རྒྱུའི་རོགས་རམ་བྱས་པ་རེད།
    2019ལོར། ཚེ་རིང་རྒྱལ་སོགས་ཨ་དམུ་བའི་དམངས་གཞས་རྒྱུན་འཛིན་པ་ཚོས“ཁྲོ་ཆུ་རྫོང་ཨ་དམུ་བའི་དམངས་གཞས་སྲུང་སྐྱོང་རྒྱུན་འཛིན་མཐུན་ཚོགས”བཙུགས་ཤིང་། མཐུན་ཚོགས་དེའི་ཁོངས་མིའི་ཁྲོད་ཀྱི་མི་20ལྷག་ནི་དུད་ཚང་དབུལ་པོ་ནས་ཡིན་པ་རེད། དེས་མ་ཟད་ད་དུང“སི་ཁྲོན་ན་དམར་རིག་གནས་ཚད་ཡོད་འགན་འཁྲི་ཀུང་སི”ཡང་བཙུགས་པ་རེད། ཚེ་རིང་རྒྱལ་གྱིས་འཁྲབ་སྟོན་པ་ཚོའི་སྣེ་ཁྲིད་དེ་སི་ཁྲོན་དང་། མཚོ་སྔོན། ཀན་སུའུ་སོགས་སུ་འཁྲབ་སྟོན་བྱས་པ་བརྒྱུད་ལོ་དེར་ཡོང་འབབ་སྒོར་ཁྲི་10ལྷག་རག་ཡོད་པ་རེད།