འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་7ཉིན།

༄༅།།ཞིབ་འཇུག་སློབ་མ་138ཀྱི་བསླབ་གནས་རེ་ཞུའི་ཐོབ་ཐང་མེད་པར་བཟོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་07ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀོང་ཞི་སློབ་ཆེན་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2020ལོ་ནས་ད་བར་སློབ་གྲྭ་དེར་ཞིབ་འཇུག་སློབ་མ་138ཀྱིས་བསླབ་གནས་རེ་ཞུ་ཐེངས་གཉིས་བྱས་ཀྱང་བསླབ་གནས་རེ་ཞུའི་ཞིབ་བཤེར་ཚད་མ་ལོངས་པས། བསླབ་གནས་རེ་ཞུའི་ཐོབ་ཐང་མེད་པར་བཟོས། ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན་44ཡིས་མི་ཐེངས་མང་པོར་མཛུབ་ཁྲིད་བྱས་ཀྱང་རེ་ཞུ་ཞིབ་བཤེར་ལེགས་འགྲུབ་བྱུང་མེད་པས(ཡང་ན་ཞིབ་འཇུག་སློབ་མའི་བསླབ་གནས་དཔྱད་རྩོམ་འགའ་ཞིག“གནད་དོན་ཡོད་པའི་དཔྱད་རྩོམ”ལ་བརྩིས་པ)སྔ་རྗེས་སུ་2020ལོ་དང་2021ལོའི་སློབ་བསྡུའི་ཐོབ་ཐང་གནས་སྐབས་མཚམས་བཅད་པ་རེད།
   གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀོང་ཞི་སློབ་ཆེན་གྱིས་ཞིབ་འཇུག་སློབ་མའི་སློབ་གཉེར་དོ་དམ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་དང་། 2020ལོར། སློབ་གྲྭ་དེས་བསླབ་གནས་དང་ཞིབ་འཇུག་སློབ་མའི་སློབ་གསོའི་ཡིག་ཆའི་མ་ལག་ཆེན་པོ་8ལ་ཁྱོན་ཡོངས་ནས་བཟོ་བཅོས་བརྒྱབ་པ་དང་། ཞིབ་འཇུག་སློབ་མའི་སློབ་དུས་སྐར་འགོད་ཞིབ་བཤེར་གཏན་འབེབས་དང་། དུས་འབྲིང་དཔྱད་ཞིབ། མཇུག་མཐའི་དཔྱད་ཞིབ། བསླབ་གནས་རེ་ཞུའི་ཞིབ་བཤེར་གཏན་འབེབས་སོགས་ཀྱི་ཞིབ་བཤེར་ལྷུ་ཚིགས་བཞི་བཙུགས་ནས།སྦྱངས་འབྲས་ཀྱི་ཉེན་ཟོན་ཉེན་བརྡ་དང་། ཁག་བགོས་དང་ཕྱིར་འབུད་སོགས་ལག་བསྟར་བྱས་ཏེ་ཞིབ་འཇུག་སློབ་མའི་སྔོན་དཔག་གི་གསོ་སྦྱོང་དམིགས་ཚད་ལོན་རྒྱུའི་འགན་ལེན་བྱས་པ་རེད། 
   ཀོང་ཞི་སློབ་ཆེན་གྱིས་ཁྱབ་བསྒྲགས་བྱས་པའི《2021ལོའི་འབུམ་རམས་པ་དང་རབ་འབྱམས་པའི་བསླབ་གནས་རེ་ཞུ་དང་ཞིབ་བཤེར་གཏན་འབེབས་ལས་དོན་སྐོར་གྱི་བརྡ་ཐོའི》ནང་། ཞིབ་འཇུག་སློབ་མས་ཕན་འབྲས་ལྡན་པའི་སློབ་སྦྱོང་ལོ་ཚད་ནང་། བསླབ་གནས་རེ་ཞུ་དང་ཞིབ་བཤེར་གཏན་འབེབས་བྱེད་པའི་གོ་སྐབས་ཐེངས་གཉིས་ལས་མེད་པ་རེད། སློབ་གྲྭའི་བསླབ་གནས་ཨུ་ཡོན་ལྷན་ཁང་ལ་གྲོས་ཞིབ་གནང་རྒྱུར་ཕུལ་བའི་བསླབ་གནས་དཔྱད་རྩོམ་ལ་སྔར་བཞིན་སྤུས་ཚད་ཐད་ཀྱི་སྐྱོན་ཆ་མངོན་གསལ་དོད་པོ་ཡོད་ན། སློབ་གྲྭའི་བསླབ་གནས་ཨུ་ཡོན་ལྷན་ཁང་གིས་བསླབ་གནས་མི་སྤྲོད་པའི་གྲོས་ཆོད་བཏོན་ཆོག 
   ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོ་ནས་བཟུང་། སློབ་གླིང་ཁག་གི་བསླབ་གནས་ཞིབ་དཔྱད་གཏན་འཁེལ་ཡན་ལག་ཨུ་ལྷན་གྱི་གྲོས་ཞིབ་དང་སློབ་གླིང་གི་དྲ་ཚིགས་ཐོག་ཡོངས་བསྒྲགས་བྱས་པ་བརྒྱུད། ཀོང་ཞི་སློབ་ཆེན་དུ་རྒྱལ་ནང་གི་ཞིབ་འཇུག་སློབ་མ་67དང་ཕྱི་རྒྱལ་གྱི་ཞིབ་འཇུག་སློབ་མ་32ལ་གསོ་སྦྱོང་ལྷུ་ཚིགས་ཀྱི་ཞིབ་བཤེར་རམ་ཡང་ན་དཔྱད་ཞིབ་ལེགས་འགྲུབ་བྱུང་མེད་པ་རེད། སློབ་གྲྭའི་བསླབ་གནས་ཞིབ་དཔྱད་གཏན་འཁེལ་ཨུ་ལྷན་གྱིས་ཞིབ་བཤེར་གཏན་འབེབས་བྱས་པ་བརྒྱུད། རྒྱལ་ནང་གི་ཞིབ་འཇུག་སློབ་མ་67དང་ཕྱི་རྒྱལ་གྱི་ཞིབ་འཇུག་སློབ་མ་8ལ་སློབ་སྦྱོང་བྱེད་མཚམས་བཞག་ནས། སློབ་གྲྭ་ནས་ཐོན་པ་དང་། སློབ་མཇུག་བསྒྲིལ་བའི་གྲོས་ཆོད་བཏོན་ཡོད། རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ནས་སློབ་གྲྭར་ཕྱིར་ལོག་མི་ཐུབ་པའི་ཕྱི་རྒྱལ་གྱི་ཞིབ་འཇུག་སློབ་མ་24ལ་ཞིབ་བཤེར་གཏན་འབེབས་དང་དཔྱད་ཞིབ་གནས་སྐབས་ནར་འགྱངས་བྱ་རྒྱུར་མོས་མཐུན་བྱེད་པའི་གྲོས་ཆོད་བཏོན་ཡོད། 
   སློབ་གྲྭ་དེའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར་སློབ་གྲྭས་གསོ་སྦྱོང་གི་སྤུས་ཚད་དེ་དགེ་རྒན་གྱི་ལས་གནས་དཔྱད་བསྡུར་ཁྱབ་ཁོངས་ནང་རིམ་གྱིས་བཅུག་ནས། ཞིབ་འཇུག་སློབ་མའི་དཔྱད་རྩོམ་ཕུལ་བྱུང་ངམ་ཡང་ན་སྤུས་ཚད་གནད་དོན་ཐོན་རྒྱུར་མཛུབ་ཁྲིད་བྱ་རྒྱུ་དེ་ལས་གནས་དཔྱད་ཞིབ་ཀྱི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་རྩིས་ཁྲའི་ནང་འཇུག་རྒྱུ་དང་། སློབ་དཔོན་གྱི་འགན་འཁྲི་སྔར་བས་ནན་དུ་གཏོང་རྒྱུ། སློབ་གྲྭའི་ཞིབ་འཇུག་སློབ་མའི་གསོ་སྦྱོང་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་ཡིན།