འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་7ཉིན།

༄༅།།ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་07ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
འདི་ནི་མཇུག་འགྲིལ་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
འདི་ནི་མཇུག་འགྲིལ་མཛད་སྒོའི་ཐོག་འཁྲབ་སྟོན་བྱེད་བཞིན་པ།
     འདི་ག་ཚགས་པར་ཁང་དུ་ཐོ་ཁེའོ་ནས་ཟླ་9ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་9ཚེས་5ཉིན་གྱི་དགོང་མོ་དབྱར་དུས་དབང་སྐྱོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བཅུ་དྲུག་པ་ཐོ་ཁེའོ་རུ་མཇུག་འགྲིལ་བ་རེད། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པར་གསེར་གྱི་རྟགས་མ་96དང་། དངུལ་གྱི་རྟགས་མ་60 ཟངས་ཀྱི་རྟགས་མ་51བཅས་ཁྱོན་བསྡོམས་གཟེངས་བསྟོད་རྟགས་མ་207ཐོབ་སྟེ། སྐབས་ལྔ་བསྟུད་མར་དབྱར་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མའི་ཨང་རིམ་དང་གཟེངས་བསྟོད་རྟགས་མའི་ཨང་རིམ་གཉིས་ཀ་ཨང་དང་པོ་ཐོབ་པ་རེད།
     ཐོ་ཁེའོ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནི་རང་རྒྱལ་གྱིས་རྒྱལ་ཁབ་གཞན་དུ་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཞུགས་མང་ཤོས་ཀྱི་སྐབས་ཤིག་ཡིན་པ་དང་། ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་འཛམ་གླིང་གི་ཟིན་ཐོ་29བཏོད་པ་རེད། མཆོང་རྒྱུག་འཕེན་གསུམ་དང་། ཆུ་རྐྱལ། ཕིང་ཕང་སྤོ་ལོ། རྐུབ་སྟེགས་འཁོར་ལོའི་གྲི་རྩལ་སོགས་སྲོལ་རྒྱུན་གྱི་ཕུལ་བྱུང་རྣམ་གྲངས་ནི་སྔར་བཞིན་གསེར་གྱི་རྟགས་མ་ཐོབ་མང་ཤོས་ཡིན་པ་དང་། ལྗིད་འདེགས་དང་། མདའ་འཕེན། རྐང་འཁོར་སོགས་ལེགས་ཆ་ཟབ་མོ་ལྡན་པའི་རྣམ་གྲངས་ལ་ཚད་བརྒལ་བྱུང་བ། དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ནང་འཇུག་ཐེངས་དང་པོ་ཡིན་པའི་བྱ་སྒྲོའི་སྤོ་ལོ་དང་ཐའེ་ཆོན་སྦེ་གའི་རྣམ་གྲངས་ལའང་གྲུབ་འབྲས་བཟང་པོ་ཐོབ་ཡོད། མཉམ་སྡེབ་ཀྱི་རྣམ་གྲངས་ཁྲོད་བུད་མེད་ཀྱི་རྐུབ་སྟེགས་འཁོར་ལོའི་ལན་ཆིའུ་སྤོ་ལོའི་རུ་ཁག་ལ་དངུལ་གྱི་རྟགས་མ་ཐོབ་སྟེ་ལོ་རྒྱུས་ཀྱི་སྦྱངས་འབྲས་ཡག་ཤོས་བཏོད་པ་དང་། སྐྱེས་པའི་ལོང་བའི་སྒོ་རྩེད་སྤོ་ལོའི་རུ་ཁག་ལ་ཨང་གཉིས་པ་ཐོབ་ནས་ལོ་13ཕྱིན་རྗེས་སླར་ཡང་བྱ་དགའ་ཐོབ་པ། འདུག་སྟབས་ཀྱི་བུད་མེད་ཕའེ་ཆིའུ་སྤོ་ལོར་ཨང་གཉིས་པ་ཐོབ་པ། སྐྱེས་པའི་ལོང་བའི་རྐང་རྩེད་སྤོ་ལོའི་རུ་ཁག་ལ་ཨང་བཞི་པ་ཐོབ་པ་རེད།
     ཀྲུང་གོའི་ལུས་རྩལ་འཐུས་མི་ཚོགས་པས་འགན་འཁྲི་ཕྲག་ཏུ་འཁུར་བ་དང་རང་ཉིད་ནས་འབད་འཐབ་བྱེད་པའི་སྙིང་སྟོབས་དར་སྤེལ་གང་ལེགས་བྱས་ནས་ཏོག་གསར་རིམས་ནད་རྐྱེན་གྱིས་འགྲན་བསྡུར་གྱི་གྲ་སྒྲིག་དང་འགྲན་བསྡུར་ནང་ཞུགས་པར་འགྲན་སློང་དྲག་པོ་འཕྲད་པ་ཁྱད་དུ་བསད་དེ། གྲུབ་འབྲས་ཚད་བརྒལ་ཕོད་པ་དང་སྔོན་ཐོན་བརྩོན་ལེན་ཕོད་པ་བྱས་པས། བདེ་འཇགས་ངང་འགྲན་བསྡུར་ནང་ཞུགས་པ་དང་། སྙིང་སྟོབས་མངོན་པ། འབྲས་བཟང་ཧུར་ཐག་གཏོད་པ། མཛའ་མཐུན་སྤེལ་རེས་བཅས་ཀྱི་འགྲན་ཞུགས་ཀྱི་དམིགས་ཡུལ་འགྲུབ་པ་དང་། ལུས་རྩལ་གྱི་གྲུབ་འབྲས་དང་བསམ་པའི་དཔལ་ཡོན་གཉིས་ཀར་འབྲས་བཟང་ཐོབ་ཡོད།
     དབྱར་དུས་དབང་སྐྱོན་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་2024ལོར་ཧྥ་རན་སེའི་ཕ་རི་སིར་འཚོག་རྒྱུ་རེད།