འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་7ཉིན།

༄༅།།གངས་ལྗོངས་ས་མཐོའི“དམངས་ཕྱུག་གཏམ་རྒྱུད”

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་07ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ལོ་རྒྱུས་རང་བཞིན་གྱི་སྒོ་ནས་དབུལ་པོ་དབུལ་ནག་གི་གནད་དོན་བསལ་བ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་སྦྲགས་ཐོན་ལས་དམངས་ཕྱུག་དང་། སྐྱེ་ཁམས་དམངས་ཕྱུག བདེ་སྡོད་དམངས་ཕྱུག་སོགས་བྱུང་སྟེ་བོད་ཀྱིས་དམངས་ཕྱུག་བོད་དར་ལ་སྐུལ་འདེད་བཏང་བར་ཚད་བརྒལ་གསར་པ་དང་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་ཡོད།
    “གལ་ཏེ་ཐོན་ལས་རྟེན་གཞིའི་སྣེ་ཁྲིད་མེད་ཚེ་ང་རང་ཨར་ལས་རུ་ཁག་ཏུ་གླ་པ་བྱས་ནས་བསྡད་ཡོད་ཤས་ཆེ”ཞེས་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྔ་སྒྲ་ཤང་གྲམ་མདའ་གྲོང་ཚོའི་གྲོང་མི་ཆོས་སྒྲོན་གྱིས་མྱོང་ཚོར་ཟབ་མོའི་སྒོ་ནས་བརྗོད་པ་དང་། ཁོང་གིས་སྐབས་དེ་དུས་ཕྱིར་བསྐྱོད་ན་ཟླ་གཅིག་གཉིས་འགོར་གྱི་ཡོད་ལ། ལས་ཀའང་རག་ཁག་པོ་ཡོད་པས། མཚམས་རེ་ལས་ཀ་མ་རག་པར་ཁྱིམ་དུ་ལོག་དགོས། ད་ཆ་ཁྱིམ་གྱི་སྒོ་འགྲམ་དུ་གླ་པ་རྒྱུག་ནས་ལས་ཀ་བརྟན་པོ་ཡོད་པ་དང་། ཟླ་རེར་ཡོང་འབབ་སྒོར་5000ལྷག་ཙམ་ཡོད་པ་མ་ཟད། ཁྱིམ་ཚང་ལའང་ལྟ་རྟོག་བྱེད་བདེ་པོ་འདུག་ཅེས་བཤད།
    ཆོས་སྒྲོན་ལས་ཀ་བྱེད་ས་ནི་ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་གི་ཡུལ་རྩྭའི་མུའུ་ཁྲི་ཟིན་པའི་རྩི་ཤིང་གི་སོན་འདེབས་གསོ་སྤེལ་རྟེན་གཞིར་ཡིན་པ་དང་། གསར་འགོད་པ་དེ་གར་སྐྱོད་སྐབས་དྲོད་ཁང་ནང་རྩྭ་དང་། མེ་ཏོག ཀྲུང་ལུགས་སྨན་རྒྱུ་སོགས་རྩི་ཤིང་སྣ་ཁ་མང་ཞིང་། རྩི་ཤིང་དེ་དག་ཁྲོད་ས་ཆ་གཞན་ནས་ནང་འདྲེན་བྱས་པའི་སོན་བཟང་ཡོད་ལ། ས་གནས་དེ་གའི་སོན་བཟང་ཡང་ཡོད་པ་རེད།
    “ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག ཁོར་ཡུག་དང་སྐྱེ་ཁམས་ལེགས་སུ་སོང་བས། མི་སེར་གྱི་ཡོང་འབབ་ཀྱང་མང་དུ་ཕྱིན་ཡོད”ཅེས་གསོ་སྤེལ་རྟེན་གཞི་གཉེར་སྐྱོང་གི་འགན་འཁུར་མཁན་བོད་ལྗོངས་ཡུལ་རྩྭ་སྐྱེ་ཁམས་ཚན་རྩལ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ཐེན་ཁྲུན་ཡུས་ཀྱིས་བརྗོད།
    ཉེ་བའི་ལོ་ཤས་རིང་། བོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ལ་གཙིགས་ཆེན་བྱས་ཏེ་ས་མཐོའི་སྐྱེ་དངོས་དང་། ཡུལ་སྐོར་རིག་གནས། ལྗང་མདོག་བཟོ་ལས། ནུས་རྒྱུ་གཙང་མ། དེང་རབས་ཞབས་ཞུ། མཐོ་གསར་གྲངས་འཛིན། ཚོང་དོན་ཟོག་འགྲེམས་བཅས་ཐོན་ལས་ཆེན་པོ་བདུན་ལ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་ཐོན་ལས་ཆེན་པོ་བདུན་གྱི་འཕར་ཐང་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་ཏེ་དམངས་ཕྱུག་གི་ཕན་འབྲས་རིམ་བཞིན་མངོན་ཡོད།
    ཐོན་ལས་འཕེལ་རྒྱས་གཏོང་བ་དང་ཆབས་ཅིག་སྐྱེ་ཁམས་སྲུང་སྐྱོང་ལ་སྣང་ཆེན་བྱས་ནས་སྐྱེ་ཁམས་བཟང་པོས་མང་ཚོགས་ཀྱི“དམངས་ཕྱུག་ལམ་བུ”གསར་པ་བཏོད་ཡོད། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་ཤེལ་དཀར་མོན་པ་གྲོང་ཚོ་ནི་རྒྱལ་ལམ་219ཡི་འགྲམ་དུ་གནས་པ་དང་། དེ་ནི་ཡར་ཀླུང་གཙང་པོའི་རོང་ཆེན་མཛེས་ལྗོངས་ཁུལ་དུ་སྐྱོད་སྐབས་ངེས་པར་དུ་བརྒྱུད་དགོས་པའི་ས་ཆ་ཞིག་ཡིན་པས། གནས་དེའི་གྲོང་མི་མི་ཉུང་བར་སྐྱེ་ཁམས་ཡུལ་སྐོར་གྱི་ཡོང་འབབ་རག་ཡོད།
    “སྐྱེ་ཁམས་ལེགས་སུ་ཕྱིན་པས། ཡུལ་སྐོར་བ་མང་པོས་དམངས་སྲོལ་རིག་གནས་ཉམས་ལེན་དང་ས་མཐོའི་ཐུན་མིན་གྱི་ཡིད་དབང་འཕྲོག་ཤུགས་ཉམས་ལེན་བྱེད་པར་ཡོང་གི་ཡོད”ཅེས་ཤེལ་དཀར་མོན་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་རྫ་བཀྲ་ཡིས་བརྗོད།
    མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། གྲོང་ཚོས་ད་དུང“ཀུང་སི་དང་། ཀྲི་པུའུ། མང་ཚོགས”བཅས་ཕན་ཚུན་འབྲེལ་བ་བྱེད་པའི་ཐབས་ལམ་སྤྱད་དེ་ཉིང་ཁྲི་ཡིང་ཧྥུང་ཞིང་འབྲོག་ཚན་རྩལ་ཚད་ཡོད་ཀུང་སིར་ས་ཞིང་མུའུ་1200བརྒྱུད་བཤུག་བཏང་བས། གྲོང་ཚོ་མཉམ་སྡེབ་ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་24བྱུང་བ་དང་མང་ཚོགས་ལ་རིམ་རྩིས་བྱས་ན་འབབ་འཕར་སྒོར་ཁྲི་78བྱུང་བ་རེད། 2020ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་ཁྲི་3ལྷག་ཙམ་ཟིན་ཡོད།
    ཤེལ་དཀར་མོན་པ་གྲོང་ཚོའི་གྲོང་མི་དང་འདྲ་བར་བོད་ཀྱི་ཞིང་འབྲོག་པ་དེ་བས་མང་བས་སྐྱེ་ཁམས་བཟང་པོ་ཐུན་མིན་གྱི་ཐོན་ཁུངས་སུ་བརྩིས་ནས། སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཧུར་ཐག་དང་། “སྐྱེ་ཁམས+”ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན། “སྐྱེ་ཁམས་དམངས་ཕྱུག”གི་གྲོང་གསེབ་དར་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བཅས་བྱེད་བཞིན་ཡོད།
    དེ་དང་ཆབས་ཅིག སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་བསྟུན་ནས་སྐྱེ་ཁམས་སྲིད་ཇུས་ཀྱི་ཕན་འབྲས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད་པ་རེད། 2016ལོ་ནས་བཟུང་། བོད་ཀྱིས་རིམ་རྩིས་བྱས་ན་མང་ཚོགས་ལ་སྐྱེ་ཁམས་ལས་གནས་ཁྲི་70མཁོ་འདོན་བྱས་པ་ལས་མང་ཚོགས་ལ་འབབ་འཕར་སྒོར་དུང་ཕྱུར་40ཙམ་བྱུང་ཡོད།
    བདེ་སྡོད་བྱུང་ཚེ་གཞི་ནས་ལས་བརྩོན་ཐུབ་ཅེས་བརྗོད་པ་ལྟར། བདེ་སྡོད་ལས་བྱུང་བའི་དམངས་ཕྱུག་ཕན་འབྲས་ཀྱང་རིམ་བཞིན་མངོན་བཞིན་ཡོད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དང་། གྲོང་ཁྱེར་དང་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན། མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་སོགས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་བོད་ཀྱི་མང་ཚོགས་དེ་བས་མང་བ་ཁྱིམ་གཞིས་གསར་པར་གཞི་ཆགས་པ་དང་། ཁྱིམ་གཞིས་གསར་པ་དང་ལྷན་དུ་ཐག་ཉེ་ས་དང་འགྲིམ་འགྲུལ་སྟབས་བདེ་སར་ཐོན་ལས་རྣམ་གྲངས་བཀོད་སྒྲིག་བྱས་ཏེ། འཐུས་སྒོ་ཚང་བའི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་ལ་བརྟེན་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་ཐབས་ལམ་དང་གོ་སྐབས་དེ་བས་མང་བ་བསྐྲུན་ཡོད།
   ཆབ་མདོ་གྲོང་ཁྱེར་ལྷོ་རོང་རྫོང་ཤོ་པ་མདོ་གྲོང་རྡལ་གྱི་སྤེན་གསལ་སྒྲོལ་མའི་ཁྱིམ་2016ལོར་ལུང་ཤུར་ནས་གྲོང་རྡལ་དུ་སྤོས་པ་རེད། གནས་སྤོས་རྗེས་ནང་མི་ཚང་མ་གཅིག་གྱུར་དུ་བསྐྲུན་པའི་ཁང་པ་གསར་པའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་སྔོ་ཚལ་དྲོད་ཁང་ཆེ་མོ་ཡང་བརྒྱབ་པ་རེད། “ད་ཆ་ངས་ཁྱིམ་དུ་དྲོད་ཁང་ནང་སྔོ་ཚལ་བཏབ་པར་བརྟེན་ནས་ལོ་རེར་ཡོང་འབབ་སྒོར་ལྔ་སྟོང་དྲུག་སྟོང་རག་གི་འདུག་ལ། བྲེལ་བ་མེད་དུས་ཐག་ཉེ་སར་གླ་པ་རྒྱུག་ཐུབ་ཀྱི་འདུག ད་དུང་བཟའ་ཟླ་ཕྱིར་གླ་པར་ཕྱིན་ན་ལོ་ལྟར་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ཡོང་གི་འདུག་པས་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་འདུག”“སྡོད་ཁང་གི་ཆ་རྐྱེན་ལེགས་སུ་སོང་བ་མ་ཟད། དེ་བས་འགག་རྩ་ནི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་ནས་ཕྲུ་གུ་སློབ་གྲྭར་འགྲོ་བ་དང་། ཕྱིར་གླ་པར་ཐོན་པ། ཅ་ལག་ཉོ་བ་བཅས་ཚང་མ་སྟབས་བདེ་པོ་འདུག”ཅེས་སྤེན་གསལ་སྒྲོལ་མས་བརྗོད།