འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་6ཉིན།

༄༅།།འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་བསྒྲགས་ཡིག

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཧྥ་རན་སེ་གྲོང་ཁྱེར་མཱ་སའེ་ནས་ཟླ་9ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཧྥ་རན་སེའི་མ་སའེ་རུ་འཚོགས་པའི་འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་སྐབས་བདུན་པའི་ཐོག་ཚེས་4ཉིན་འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་སྟོངས་ཉེ་ཡོད་པའི་དངོས་རིགས་ཀྱི་མིང་ཐོ་དམར་པོ་གསར་སྒྱུར་བྱས་ནས་གོ་ལ་ཧྲིལ་པོའི་སྐྱེ་དངོས་རིགས་138374ལ་འཇིགས་སྐུལ་ཕོག་པའི་ཉེན་ཁར་དཔྱད་དཔོག་བྱས་ཤིང་། དེའི་ནང་དངོས་རིགས་38543སྟོངས་ཉེ་ཡོད་པ་རེད། 
     གསར་སྒྱུར་གྱི་མིང་ཐོའི་ནང་། འཛམ་གླིང་ཐོག་གི་རྩངས་པ་རིགས་ཀྱི་ཆེ་ཤོས་ཁོ་མོ་ཏོ་རྩངས་ཆེན་གྱི་སྲུང་སྐྱོང་རིམ་པ་དེ“ཉེན་འགྱུར་སླ་བ”ནས“སྟོངས་ཉེ་བར”གྱུར་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་ཁོ་མོ་ཏོ་རྩངས་ཆེན་ལ་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཐེབས་པའི་ཉེན་ཁ་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅེས་བསྟན་ཡོད། སྔོན་དཔག་བྱས་ན་མ་འོངས་པའི་ལོ་45ཡི་ནང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་སོང་བ་དང་། དེ་དང་བསྟུན་ནས་མཚོ་ངོས་མཐོ་རུ་ཕྱིན་ནས་ཁོ་མོ་ཏོ་རྩངས་ཆེན་འཚོ་གནས་བྱེད་པར་འཚམ་ས་ཉུང་མཐར་ཡང་30%ཉུང་དུ་འགྲོ་རྒྱུ་རེད། མིའི་རིགས་ཀྱི་འགུལ་སྐྱོད་ཀྱི་ཤུགས་རྐྱེན་ཐེབས་པའི་རྐྱེན་གྱིས་དེ་ལ་ཡང་འཚོ་གནས་བྱེད་ས་ཤོར་བའི་ཉེན་ཁ་ཡོད། 
     གསར་སྒྱུར་གྱི་མིང་ཐོའི་ནང་ད་དུང་ཉ་རྡོ་གཟན་གསུམ་ཆ་གཅིག་ལས་བརྒལ་བ་དང་ཉ་ལེབ་ཉ་རིགས་རྩ་མེད་དུ་འགྲོ་རྒྱུའི་ཉེན་ཁ་འཕྲད་པ་དེའི་ཐོག་ནས། འཛམ་གླིང་ཐོག་རྒྱ་མཚོ་མང་ཆེ་བར་ནུས་ལྡན་གྱི་དོ་དམ་བྱེད་ཐུབ་མེད་པ་མངོན་ཡོད། དངོས་རིགས་དེ་དག་ཚང་མ་ཚད་ལས་བརྒལ་བའི་འཛིན་བཟུང་བྱས་ཡོད་པ་མ་ཟད། ད་དུང་ཁ་ཤས་ནི་འཚོ་ས་གནས་ས་ཤོར་བ་དང་ཉམས་ཞན་དུ་སོང་བ། དེ་བཞིན་གནམ་གཤིས་འགྱུར་ལྡོག་གི་ཤུགས་རྐྱེན་ཕོག་ཡོད། 
     ཡང་བསྐྱར་དཔྱད་དཔོག་བྱས་པའི་འཕང་གཟུགས་ཉ་རིགས་བདུན་གྱི་ཁྲོད་དུ། རིགས་4ཡི་གྲངས་འབོར་ལ་སླར་གསོ་རང་བཞིན་གྱི་འཕར་སྣོན་བྱུང་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱིས་དེའི་རིམ་པ་དམའ་རུ་བཏང་བ་མ་ཟད། དེ་ནི་གཙོ་བོ་འབྲེལ་ཡོད་རྒྱལ་ཁབ་ཀྱིས་དེར་རྒྱུན་མཐུད་རང་བཞིན་གྱིས་ཉ་འཛིན་པ་ཚོད་འཛིན་བྱས་པ་ཕན་ཐོགས་སོང་བ་དང་། ཁྲིམས་འགལ་གྱི་ཉ་འཛིན་པ་ལ་རྡུང་རྡེག་ནུས་ལྡན་བཏང་ཡོད་ཅེས་ནན་བཤད་བྱས། 
     འཛམ་གླིང་རང་བྱུང་སྲུང་སྐྱོང་མནའ་འབྲེལ་གྱི་སྤྱི་ཁྱབ་ལས་གཉེར་བ་པུའུ་ལུའུ་ནུའོ་ཨའོ་པོ་ལེས་གསར་དུ་བཟོ་བཅོས་བརྒྱབ་པའི་སྟོངས་ལ་ཉེ་བའི་དངོས་རིགས་ཀྱི་མིང་ཐོ་དམར་པོ་ནི་བརྡ་རྟགས་ནུས་ལྡན་ཞིག་རེད། རྒྱ་མཚོའི་སྣོད་བཅུད་ཁོར་ཡུག་ལ་གནོན་ཤུགས་དེ་བས་ཆེ་བ་འཕྲད་ཡོད་ཀྱང་། རྒྱལ་ཁབ་ཁག་གིས་རྒྱུན་མཐུད་འཕེལ་རྒྱས་ཀྱི་བྱེད་ཐབས་ལ་དངོས་འབྲེལ་གཞོལ་ཚེ། དངོས་རིགས་ཀྱི་གྲངས་འབོར་སླར་གསོ་བྱེད་ཐུབ་ཅེས་བཤད་པ་རེད། མིའི་རིགས་ཀྱི་འཚོ་བ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་གནད་དོན་མཉམ་དུ་འདྲེས་ཡོད། འཛམ་གླིང་རང་བྱུང་སྲུང་སྐྱོང་ཚོགས་ཆེན་འཚོག་བཞིན་ཡོད་པས་ཚོགས་ཞུགས་རྒྱལ་ཁབ་དང་འབྲེལ་ཡོད་ཕྱོགས་ཀྱིས་གོ་སྐབས་དམ་འཛིན་བྱས་ནས་བློས་འགེལ་ཆོག་པའི་ཚན་རིག་གཞི་གྲངས་ལ་གཞིགས་ནས་ཚོད་འཛིན་བྱེད་པའི་དམིགས་ཡུལ་མངོན་འགྱུར་བྱེད་དགོས་ཞེས་གསུངས་པ་རེད།