འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་6ཉིན།

༄༅།།རང་རྒྱལ་གྱིས་འཛམ་གླིང་ཐོག་དྭངས་གཙང་གི་གློག་གཏོང་མ་ལག་ཆེ་ཤོས་བསྐྲུན་པ། 

——འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་10.3ཟིན་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་06ཉིན། 10:09】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ● ཟླ་བདུན་པའི་ཟླ་མཇུག་བར།
     རྒྱལ་ཡོངས་ཀྱི་འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་10.3ཟིན་པ་དེ་དུས་མཚུངས་ལས་18.0%འཕར་བ། དེས་རྒྱལ་ཡོངས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི་45.5%བཟུང་བ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.3མཐོ་རུ་ཕྱིན་ཡོད།
     ● ལོ་སྟོད་དུ།
     ཆུ་གློག་དང་། ཉིང་གློག རླུང་གློག ཉི་གློག་བཅས་ཀྱི་རིམ་རྩིས་གློག་གཏོང་ཚད་དུས་མཚུངས་ལས་10.2%འཕར་ཡོད།
     ● ཟླ་དང་པོ་ནས་བདུན་པའི་བར།
     ཆུ་གློག་དང་། ཉིང་གློག རླུང་གློག་བཅས་ཀྱི་དྭངས་གཙང་ནུས་རྒྱུར་མ་དངུལ་བཏང་བ་དེས་གློག་ཁུངས་ལ་མ་དངུལ་བཏང་བའི་ཁྲོད་ཀྱི་91.7%བཟུང་ཡོད།
     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། “ཧྭ་ལུང་རྟགས་ཅན་དང་པོ”ཉིང་རྡུལ་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་འགོ་ཚུགས་པ་དང་། ཝུའུ་ཏུང་ཏེ་ཆུ་ཤུགས་གློག་ཁང་གི་གློག་གཏོང་འཕྲུལ་འཁོར་ཚང་མ་ནས་གློག་གཏོང་འགོ་ཚུགས་པ། པའེ་ཧོ་ཐན་ཆུ་ཤུགས་གློག་ཁང་གི་གློག་གཏོང་འཕྲུལ་འཁོར་ཁག་དང་པོ་ནས་གློག་གཏོང་འགོ་ཚུགས་པ་སོགས…… འདི་ལོ་ཚུན་དུ། དྭངས་གཙང་ནུས་རྒྱུའི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ཐད་ནས་གཏམ་བཟང་ཡང་ཡང་གྲགས་ཤིང་། ཉིན་ཤས་གོང་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་རང་རྒྱལ་གྱིས་འཛམ་གླིང་ཐོག་དྭངས་གཙང་གློག་གཏོང་མ་ལག་ཆེ་ཤོས་སྐྲུན་ཟིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་རེད།
     ཟླ་བདུན་པའི་ཟླ་མཇུག་བར། རྒྱལ་ཡོངས་ཀྱི་འགྱུར་རྡོ་མིན་པའི་ནུས་རྒྱུའི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་10.3ཟིན་ནས་དུས་མཚུངས་ལས་18.0%འཕར་བ་དེ་འགག་གསུམ་ཆུ་ཤུགས་གློག་ཁང་45ཡི་གློག་འདོན་ཚད་དང་འདྲ་པོ་ཡོད། དེས་རྒྱལ་ཡོངས་ཀྱི་གློག་འདོན་ཚད་བསྡོམས་འབོར་གྱི་45.5%བཟུང་བ་དང་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.3མཐོ་རུ་ཕྱིན་ཡོད། རང་རྒྱལ་གྱི་དྭངས་གཙང་ཐཱན་ཉུང་ཅན་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་ཆུ་གློག་དང་། རླུང་གློག འོད་ཤུགས། སྐྲུན་བཞིན་པའི་ཉིང་གློག་གི་གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་སོགས་སྟོན་གྲངས་མང་པོ་ཞིག་གིས་འཛམ་གླིང་གི་ཨང་དང་པོ་བཟུང་ཡོད།
     —— དྭངས་གཙང་ནུས་རྒྱུ་མཁོ་སྤྲོད་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་པ། གློག་འདོན་འཕྲུལ་འཁོར་གྱི་གཞི་ཁྱོན་ལ་བལྟས་ན། ཟླ་བདུན་པའི་ཟླ་མཇུག་བར། རང་རྒྱལ་གྱི་ཆུ་གློག་གི་གློག་འདོན་ཚད་ཆན་ཝ་དུང་ཕྱུར་3.8ཟིན་ནས་དུས་མཚུངས་ལས་4.9%འཕར་ཡོད། གློག་གཏོང་ཚད་ཀྱི་བསྡོམས་འབོར་ལ་བལྟས་ན། ལོ་སྟོད་དུ་     ཆུ་གློག་དང་། ཉིང་གློག རླུང་གློག ཉི་གློག་བཅས་ཀྱི་རིམ་རྩིས་གློག་གཏོང་ཚད་དུས་མཚུངས་ལས་10.2%འཕར་ཡོད། གློག་ཤུགས་ཐད་ཀྱི་མ་དངུལ་གཏོང་ཤུགས་ལ་བལྟས་ན། ཟླ་དང་པོ་ནས་བདུན་པའི་བར། ཆུ་གློག་དང་། ཉིང་གློག རླུང་གློག་བཅས་ཀྱི་དྭངས་གཙང་ནུས་རྒྱུར་མ་དངུལ་བཏང་བ་དེས་གློག་ཁུངས་ལ་མ་དངུལ་བཏང་བའི་ཁྲོད་ཀྱི་91.7%བཟུང་ཡོད།
     —— དྭངས་གཙང་ནུས་རྒྱུ་སྤྱོད་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་ཆུའི་འབབ་རྒྱུད་གཙོ་བོ་སྤྱོད་ཚད་98.43%ཟིན་པ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་རླུང་གློག་སྤྱོད་ཚད་96.4%ཟིན་པ། རྒྱལ་ཡོངས་ཀྱི་ཆ་སྙོམས་འོད་ཤུགས་གློག་སྤྱོད་ཚད་97.9%ཟིན་ནས་སྤྱོད་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.07དང་། 0.3 0.07བཅས་སོ་སོར་འཕར་ཡོད།
     —— རླུང་གློག་དང་འོད་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ཁྱབ་ཚུལ་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ། གསར་སྤེལ་འཛུགས་སྐྲུན་ཐད་ཐོན་ཁུངས་གཅིག་སྡུད་ས་ཁུལ་ནས་ཐེག་ཚད་གཅིག་སྡུད་ས་ཁུལ་དུ་སྐུལ་འདེད་བཏང་བ་དང་གཅིག་སྡུད་ཡུག་འབྲེལ་གཙོ་བཟུང་བྱེད་པ་ནས་གཅིག་སྡུད་དང་ཁ་ཐོར་འཕེལ་རྒྱས་གལ་ཆེ་མཉམ་དུ་བཟུང་བའི་བར་འགྱུར་ལྡོག་བཏང་ཡོད།
     —— རྡོ་སོལ་གློག་དྭངས་གཙང་ནུས་ཆེའི་བེད་སྤྱོད་ལ་སྐུལ་འདེད་ནུས་ལྡན་བཏང་བ། ན་ནིང་གི་ལོ་མཇུག་བར། རྡོ་སོལ་གློག་འདོན་ཤུགས་ཀྱི་བསྡུར་གྲངས་ཐེངས་དང་པོ་50%མན་དུ་ཆག་ནས་བཙོག་འབུད་ཧ་ཅང་དམའ་བའི་རྡོ་སོལ་གྱི་གློག་གཏོང་འཕྲུལ་འཁོར་གྱི་ཆན་ཝ་དུང་ཕྱུར་9.5ཙམ་ཟིན་ཏེ་རང་རྒྱལ་གྱིས་འཛམ་གླིང་ཐོག་དྭངས་གཙང་གི་རྡོ་སོལ་གློག་གཏོང་མ་ལག་ཆེ་ཤོས་བསྐྲུན་ཡོད།
     རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱི་འགན་འཁུར་བས། ཕྱིས་སུ་རྡོ་སོལ་ཉུང་གཏོང་གི་གོམ་སྟབས་མགྱོགས་སུ་གཏོང་རྒྱུ་དང་། རྡོ་སོལ་གློག་གི་རྣམ་གྲངས་ཚོད་འཛིན་ནན་པོ་བྱ་རྒྱུ། རླུང་གློག་དང་ཉི་གློག་སོགས་འགྱུར་རྡོ་མིན་པའི་ནུས་རྒྱུ་འཕེལ་རྒྱས་མགྱོགས་པོ་བཏང་ནས་གནོད་མེད་ཐཱན་ཉུང་གི་ནུས་རྒྱུ་མཁོ་སྤྲོད་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། རླུང་གློག་དང་འོད་ཤུགས་དེ་དྭངས་གཙང་ནུས་རྒྱུ་འཕར་བའི་གཙོ་ཤུགས་སུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད་པ་རེད།