འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་3ཉིན།

༄༅།།དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ལེན་པའི་རྒྱུགས་ཐོ་འགོད་འགོ་ཚུགས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་03ཉིན། 14:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་ལེན་པའི་རྒྱུགས་ཐོ་འགོད་འགོ་ཚུགས།
   མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཟླ་9ཚེས་2ཉིན་2021ལོའི་ལོ་སྨད་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན(ཡིག་རྒྱུགས་)གྱི་མིང་ཐོ་འགོད་པའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་པ་རེད། ད་ཐེངས་ཀྱི་ཡིག་རྒྱུགས་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)31ཏུ་ལེན་རྒྱུ་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་མིང་ཐོ་འགོད་པའི་སྤྱི་བསྒྲགས་གཅིག་རྗེས་གཉིས་མཐུད་དུ་དྲ་ཐོག་ཏུ་སྤེལ་རྒྱུ་རེད། ས་གནས་ཁག་གིས་མིག་སྔར་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ལ་གཞིགས་ན། ད་ལོའི་ལོ་སྨད་དུ་རྒྱལ་ཡོངས་གཅིག་གྱུར་གྱི་ཡིག་རྒྱུགས་དུས་ཚོད་ནི་ཟླ་10ཚེས་30ཉིན་ཡིན་པ་རེད།
    སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱིས་རྒྱུགས་སྤྲོད་སློབ་མ་ལ། རྒྱུགས་སྤྲོད་སློབ་མས་ངེས་པར་དུ་རང་ཉིད་ཡོད་སའི་ས་ཁུལ་གྱི་མིང་ཐོ་འགོད་པའི་སྤྱི་བསྒྲགས་ཀྱི་བླང་བྱ་ལྟར། གཏན་འཁེལ་གྱི་དུས་ཚོད་ནང་དྲ་ཐོག་ནས་མིང་ཐོ་འགོད་པ་དང་། ཐོབ་ཐང་ཞིབ་བཤེར་གཏན་འབེབས། གྲོན་དངུལ་འཇལ་བ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱེད་དགོས་པའི་དྲན་སྐུལ་བྱས་ཡོད། རྒྱུགས་སྤྲོད་སློབ་མས་མིང་ཐོ་མ་བཀོད་པའི་སྔོན་ལ་རང་ཞིང་ཆེན་(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)གྱི་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་ལག་ཁྱེར་རྒྱུགས་ལེན(ཡིག་རྒྱུགས)གྱི་མིང་ཐོ་འགོད་པའི་སྤྱི་བསྒྲགས་ཁྲོད་ཀྱི་ནང་དོན་དང་གཏན་འབེབས་ཁག་ལྟ་ཀློག་ཞིབ་མོ་བྱེད་དགོས་པ་མ་ཟད། ཐོ་འགོད་ལ་མཁོ་བའི་ཆ་རྐྱེན་ཁག་ཤེས་རྟོགས་གང་ལེགས་བྱེད་དགོས། དེ་དང་ཆབས་ཅིག  མིང་ཐོ་འགོད་པའི་མ་ལག་ནང་ཐོག་མར་རྒྱུགས་སྤྲོད་སློབ་མས་“ཁ་དན་ཚིག་གནས་ཀྱིས་རྒྱུགས་སྤྲོད་རྒྱུ་ཁས་ལེན་པའི་”བླང་བྱ་བཏོན་པ་དེ་གཏན་འཁེལ་བྱེད་དགོས། དེ་མ་བྱས་ཚེ་མིང་ཐོ་འགོད་མི་ཐུབ། 
   གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ལྟ་ལག་བསྟར་བྱེད་བཞིན་པའི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་བྱ་ཐབས་གཞིར་བཟུང་། རྒྱལ་ཡོངས་ཀྱི་ཞིང་ཆེན་མང་པོར་ལོ་རེར་ཐེངས་གཉིས་དང་ཞིང་ཆེན་ཉུང་ཤས་སུ་ལོ་རེར་ཐེངས་རེ་སྤེལ་བཞིན་ཡོད། རྒྱུགས་ལེན་ནི་ཡིག་ཐོག་རྒྱུགས་ལེན་དང་ཁ་རྒྱུགས་ཁག་གཉིས་སུ་དབྱེ་ཡོད། ཡིག་རྒྱུགས་ཀྱི་བསླབ་ཚན་ཁག་ལ་ཤོག་བུ་དང་སྨྱུ་གུ་སྤྱད་ནས་རྒྱུགས་ལེན་པ་དང་། བསླབ་ཚན་ཁག་གི་ཡིག་རྒྱུགས་དུས་ཚོད་སྐར་མ་120ཡིན་པ་རེད། ཡིག་རྒྱུགས་བསླབ་ཚན་ཁག་གི་རྒྱུགས་འབྲས་ཚད་ལོན་པ་ཡིན་ཚེ་གཞི་ནས་ཁ་རྒྱུགས་ལ་ཞུགས་ཆོག
   ཤེས་རྟོགས་བྱུང་བར་གཞིགས་ན། སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཐོབ་ཐང་རྒྱུགས་ལེན་ལ་རྒྱུགས་གཞི་རིགས་སྣ་ཚོགས་སྤྱད་ནས་ནུས་པར་དཔྱད་ཞིབ་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་པ་དང་། རྒྱུགས་གཞི་ལ་གདམ་གསེས་དང་གདམ་གསེས་མ་ཡིན་པའི་རིགས་གཉིས་ཡོད། དེའི་ཁྲོད་དུ། གདམ་གསེས་མིན་པའི་ནང་དུ་བསྡུས་ལན་དང་། རྒྱས་འགྲེལ། འགྲེལ་བཤད་རྒྱག་པ། རྒྱུ་ཆ་དབྱེ་ཞིབ། སློབ་ཁྲིད་དཔྱད་བརྗོད་དྲི་བ། བརྟག་དཔྱད་དྲི་བ། དབྱེ་ཞིབ་དྲི་བ། སློབ་ཁྲིད་ཇུས་འགོད་ཀྱི་དྲི་བ། བྱེད་སྒོ་ཇུས་འགོད་ཀྱི་དྲི་བ་བཅས་ཚུད་ཡོད། ཡིག་རྒྱུགས་ཚར་རྗེས། རྒྱལ་ཁབ་ཀྱིས་ཡིག་རྒྱུགས་བསླབ་ཚན་ཁག་གི་སྦྱངས་འབྲས་ཀྱི་ཚད་གཞི་ལོན་པའི་ཚད་གཞི་གཏན་འཁེལ་དང་ཁྱབ་བསྒྲགས་བྱ་རྒྱུ་རེད། རྒྱུགས་སྤྲོད་སློབ་མས་དུས་ཚོད་ཁྱབ་བསྒྲགས་བྱས་རྗེས། སློབ་གསོ་པུའི་ཡིག་རྒྱུགས་ལྟེ་གནས་ཀྱི་དྲ་ཚིགས་ཐོག་ཡིག་རྒྱུགས་ཀྱི་སྐར་གྲངས་འདྲི་རྩད་བྱེད་ཆོག  ཡིག་རྒྱུགས་བསླབ་ཚན་རེའི་སྦྱངས་འབྲས་ལོ་གཉིས་ལ་རྩིས་འགྲོ་ཡོད།