འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་3ཉིན།

༄༅།།ཨ་རིས་ཕྱི་ཕྱོགས་ལ་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་བ་འགྲེམས་འཚོང་བྱེད་མཚམས་འཇོག་དགོས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་03ཉིན། 13:14】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་9ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཚེས་2ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ཐོག་ནས་ཕྱི་རོལ་ནས་དམངས་གཙོའི་རྣམ་པ་སྤོ་སྒྱུར་དང་བཙན་འགེལ་བྱེད་པའི་བྱེད་སྟངས་གང་ཞིག་ལས་ཪྙོག་འཛིང་དང་ཟང་ཟིང་ཁོ་ན་ལས་ཡོང་མི་སྲིད་པར། མཐར་ཕམ་ཉེས་ཐོག་ནས་མཇུག་འགྲིལ་བ་མཚོན་ཡོད་ཅེས་བཤད་པ་རེད། ཨ་རི་ཕྱོགས་ཀྱིས་བསམ་གཞིག་ནན་ཏན་བྱས་ཏེ་ཕྱི་ཕྱོགས་སུ་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་བ་འགྲེམས་འཚོང་བྱེད་མཚམས་འཇོག་པ་དང་། རྒྱལ་ཁབ་གཞན་དག་ལ་དམག་དོན་གྱི་ཐེ་ཇུས་བྱེད་མཚམས་འཇོག་པ། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དར་ཆ་བསྒྲེངས་ནས་ཁ་ཕྲལ་དང་འགྲན་རྒོལ་སློང་མཚམས་འཇོག་པ་བཅས་བྱེད་དགོས་པའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     ཉིན་དེའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་ཉིན་ཤས་གོང་ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་གླེང་སྐབས་ཨ་དམག་ཨ་ཧྥུ་ཀ་ནི་སི་ཐན་དུ་ལོ་20བཅའ་སྡོད་བྱས་པའི་ངོ་བོ་ནི་གཞི་ཁྱོན་ཆེན་པོས་ཨ་ཧྥུ་ཀ་ནི་སི་ཐན་ལ་ཨ་རིའི་ཚད་ལྡན་དང་ཚད་གཞི་ཟེར་བ་ནང་འདྲེན་བྱེད་ཆེད་ཡིན་པ་དེའི་ནང་ས་གནས་དེ་གའི་ཆབ་སྲིད་ཀྱི་སྒྲོམ་གཞི་འགྱུར་ལྡོག་བཏང་བ་ཚུད་ཡོད་མོད། འོན་ཀྱང་དེ་དག་གིས་ཨ་རི་རང་ཉིད་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ལ་གྱོང་གུན་དང་ཡིད་སྐྱོ་བའི་དོན་རྐྱེན་བཟོས་པ་རེད་ཅེས་བཤད། ཨ་མེ་རི་ཁས་ཨ་ཧྥུ་ཀ་ནི་སི་ཐན་དུ་གཉེར་འབྲས་གཅིག་ཀྱང་ལོན་མེད་པར། ཐ་ན་དེ་ལས་ལྡོག་པ་རེད། ཁྱེད་ཀྱིས་དེའི་ཐད་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ་ཞེས་དྲིས། 
     ཝང་ཝུན་པིན་གྱིས་ཙུང་ཐུང་ཕུའུ་ཅིང་གིས་གླེང་བའི་ལྟ་བ་དེར་ཨ་རི་ཕྱོགས་ཀྱིས་བསམ་གཞིག་ཟབ་མོ་བྱེད་རིན་ཡོད། འཛམ་གླིང་ཐོག་གཅིག་མ་གཏོགས་རྟེན་མི་རུང་ཟེར་བའི་དམངས་གཙོའི་རྣམ་པ་མེད། རྒྱལ་ཁབ་ཁག་ཚང་མར་རང་བཙན་རང་བདག་གིས་རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་དོན་དངོས་དང་མཐུན་པའི་འཕེལ་རྒྱས་གཏོང་ལམ་འཚོལ་ཞིབ་བྱེད་པའི་དབང་ཆ་ཡོད། ཨ་ཧྥུ་ཀ་ནི་སི་ཐན་གྱི་དུས་བབ་ཐོག་ནས་ཕྱི་ཕྱོགས་ནས་དམངས་གཙོའི་རྣམ་པ་སྤོ་སྒྱུར་དང་བཙན་འགེལ་བྱེད་པའི་བྱེད་སྟངས་གང་ཞིག་གིས་འགྲན་རྒོལ་དང་ཟང་ཟིང་མ་གཏོགས་ཁྱེར་མི་སྲིད་པར། མཐར་ཕམ་ཉེས་ཐོག་ནས་མཇུག་བསྡུ་ངེས་ཡིན་པ་མངོན་ཡོད་ཅེས་བཤད། 
     ཝང་ཝུན་པིན་གྱིས་དམངས་གཙོ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རིན་ཐང་ཞིག་ཡིན་པ་ལས་དམིགས་བསལ་རྒྱལ་ཁབ་ཀྱི“ཆེད་ཁེ”ཞིག་མིན། འཛམ་གླིང་ཐོག་“དམངས་གཙོའི་གཙོ་འཛིན་”ཞེས་པ་མེད་ལ། རྒྱལ་ཁབ་གང་རུང་ཞིག་ལའང་“དམངས་གཙོ་ཁྲིད་མཁས་ཅན་”བྱེད་པའི་ཐོབ་ཐང་མེད། “དམངས་གཙོའི་རྒྱལ་ཁབ་མནའ་འབྲེལ་”ཟེར་བ་འུད་སྒྲོག་དང་།“དམངས་གཙོས་དབང་གྲགས་ལ་ཁ་གཏད་འཇལ་བ།”དོན་བརྗོད་ཟེར་བ་འུད་སྒྲོག་བྱེད་པ་དེ་ནི་ངོ་བོའི་ཐོག་ནས་བཤད་ན་དམངས་གཙོའི་དར་ཆ་བསྒྲེངས་ནས་སེམས་མཐུན་པར་འགེབས་སྲུང་དང་མི་མཐུན་པར་ངོ་རྒོལ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་དང་རིན་ཐང་གི་ལྟ་བ་དེ་རྒྱལ་ཁབ་གཞན་ལ་གནོན་ཐབས་དང་ས་འབྲེལ་འཐབ་ཇུས་ལ་སྐུལ་སྤེལ་གཏོང་བའི་ལག་ཆར་བྱེད་པ། དམངས་གཙོ་རྫུས་མ་ཡིན་པ། བཙན་དབང་ངོ་མ་ཡིན་པ་བཅས་རེད། ལོ་རྒྱུས་ཀྱི་འཁོར་ལོ་ཕྱིར་ནུར་རྒྱག་པའི་བྱ་སྤྱོད་དེ་རིགས་ཀྱིས་ཁ་ཕྲལ་དང་འགྲན་རྒོལ་སློང་སྲིད་པས་རྒྱལ་ཁབ་ཁག་གིས་དོགས་ཟོན་དང་བཀག་འགོག་བྱེད་དགོས། 
     “ཨ་རི་ཕྱོགས་ཀྱིས་བསམ་གཞིག་ནན་ཏན་བྱེད་པ་དང་། བསླབ་བྱ་དང་ལེན་བྱེད་པ། ཕྱི་ཕྱོགས་སུ་རང་ཉིད་ཀྱི་འདུ་ཤེས་འཛིན་སྟངས་དང་རིན་ཐང་ལྟ་བ་འགྲེམས་ཚོང་བྱེད་མཚམས་འཇོག་པ། བྱས་མ་བྱས་པར་རྒྱལ་ཁབ་གཞན་ལ་དམག་དོན་གྱི་ཐེ་ཇུས་བྱེད་ཚུལ་སྤེལ་མཚམས་འཇོག་པ། རྒྱལ་སྤྱིའི་ཐོག་འགྲོ་བ་མིའི་ཐོབ་ཐང་གི་དར་ཆ་བསྒྲེངས་ནས་ཁ་ཕྲལ་དང་འགྲན་རྒོལ་བྱེད་མཚམས་འཇོག་པ་བཅས་བྱེད་དགོས་པ་ལས་ཨ་ཧྥུ་ཀ་ནི་སི་ཐན་གྱི་ལམ་རྙིང་དུ་སླར་ཡང་མི་བསྐྱོད་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།