འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་2ཉིན།

༄༅།།ཀྲུང་དབྱང་དྲིལ་བསྒྲགས་པུས། ཆིའུ་ཅུན་དང་སུན་ལི་མེ་ལ“དུས་རབས་ཀྱི་མིག་དཔེའི” མཚན་སྙན་རྗེས་སྤྲོད་བྱས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་8ཚེས་31ཉིན་གློག་འཕྲིན་འབྱོར་གསལ། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྐབས་སུ། ཀྲུང་དབྱང་དྲིལ་བསྒྲགས་པུས་དྲ་ཐོག་ཡོངས་བསྒྲགས་ཀྱི་རྣམ་པའི་ཐོག་ནས་སྤྱི་ཚོགས་ཡོངས་ལ་བློ་མཐུན་ཆིའུ་ཅུན་དང་སུན་ལི་མེ་ཡི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་ཏེ། ཁོང་གཉིས་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱས་པ་རེད།
     ཆིའུ་ཅུན་སྐུ་འཚོ་བཞུགས་སྐབས་ཀན་སུའུ་ཞིང་ཆེན་ཧྭ་ཁྲེ་རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ(གནས་སྦྱར)དང་། ཀྲུང་གོ་རྫས་འགྱུར་ལས་གྲྭ་ཚོགས་པའི་ཁོངས་གཏོགས་ཀྱི་ཏུང་ཧྭ་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིའི་རྣམ་གྲངས་དོ་དམ་པུའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་ཀྲུའུ་རེན་གཞོན་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་དུས་སུ་སླེབས་སྐབས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་རང་འགུལ་ངང་ཆ་རྐྱེན་དཀའ་ཚེགས་ཆེ་བའི་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་ལ་གནས་སྦྱར་བྱེད་པར་བསྐྱོད་རྒྱུའི་རེ་འདུན་རང་འགུལ་ངང་ཞུས་པ་དང་། དབུལ་སྐྱོར་དང་། བློ་སྐྱོར། རིག་སྐྱོར་བཅས་ཟུང་འབྲེལ་མཐའ་འཁྱོངས་བྱས་ནས་ཐབས་བརྒྱ་ཇུས་སྟོང་གིས་དབུལ་སྐྱོར་རྣམ་གྲངས་ནང་འདྲེན་དང་ཡུལ་བབ་དང་བསྟུན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་སྟེ། ཧྭ་ཁྲི་རྫོང་སྤྱི་ཡོངས་ནས་དབུལ་སྒྲོལ་ཐུབ་པར་སྐུལ་འདེད་བཏང་བས་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཚོའི་བསྔགས་བརྗོད་རྒྱ་ཁྱབ་ཐོབ་པ་རེད། 2021ལོའི་ཟླ་1ཚེས་8ཉིན་སྟབས་མི་ལེགས་པར་ནད་གཞིས་རྐྱེན་པས་ལས་གནས་ཐོག་སྐུ་གཤེགས་པ་དང་། རྩ་ཆེའི་ཚེ་སྲོག་ཧྭ་ཁྲིར་ལེགས་སྐྱེས་ཕུལ་ཡོད། ཁོང་སྐུ་གཤེགས་དུས་དགུང་ལོ་39རེད། “རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”དང“ཀྲུང་དབྱང་ཁེ་ལས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
     སུན་ལི་མེ་སྐུ་འཚོ་བཞུགས་སྐབས་ཧྥུའུ་ཅན་ཞིང་ཆེན་ཞ་ཕུའུ་རྫོང་སུང་ཧྲན་ཁྲོམ་གཞུང་ཀུའུ་ཤན་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་རེད། ཁོང་གིས་ལོ་17རིང་གྲོང་གསེབ་དང་གཞི་རིམ་དུ་རྩ་བ་ཚུགས་ནས། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་ཐུགས་ལ་བཅངས་ནས་ངལ་བ་ཁྱད་བསད་དང་འཁང་ར་སྤུ་ཙམ་མེད་པར་དཀའ་སྤྱད་དངོས་སྒྲུབ་བྱས་ཏེ་གཞི་རིམ་གྱི་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་བཏང་བ། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་པ། མང་ཚོགས་ཀྱི་སྣེ་ཁྲིད་དེ་རྗེས་ལུས་ཡིན་པའི་ཀུའུ་ཤན་གྲོང་ཚོ་དེ་ཉིད་མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་འཛུགས་སྐྲུན་བྱས་པས། ས་གནས་དེ་གའི་གྲོང་མི་རྣམས་ཀྱིས་ཁོང་གྲོགས་པོ་བློས་ཐུབ་དང་། སྙིང་ཉེ་བ། སྣེ་ཁྲིད་པ་བཅས་ལ་བརྩི་ཡི་ཡོད། 2021ལོའི་ཟླ་8ཚེས་6ཉིན་རྒྱ་མཚོའི་རླུང་འཚུབ་དྲག་པོ་འགོག་པའི་ལས་དོན་ཁྲོད་མང་ཚོགས་ཀྱི་རྒྱུ་ནོར་བདེ་འཇགས་སྲུང་སྐྱོང་བྱ་ཆེད། སྟབས་མི་ལེགས་པར་གཞུང་དོན་ཆེད་དུ་རང་སྲོག་ཤོར་བ་དང་ཁོང་གཤེགས་དུས་དགུང་ལོ་44རེད། “རྒྱལ་ཡོངས་ཀྱི་གསུམ་བརྒྱད་དར་དམར་བ”དང“ཧྥུའུ་ཅན་ཞིང་ཆེན་གྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན”གྱི་མཚན་སྙན་རྗེས་སྤྲོད་གནང་བ་རེད།
     བློ་མཐུན་ཆིའུ་ཅུན་དང་བློ་མཐུན་སུན་ལི་མེ་རྣམ་གཉིས་ཀྱི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་འཕྲིན་སྤེལ་རྒྱ་ཁྱབ་བྱས་རྗེས། སྤྱི་ཚོགས་ལས་རིགས་ཁག་གི་དོ་ཁུར་ཆེན་པོ་ཐོབ་པ་རེད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་ལྷག་པར་དུ་གཞི་རིམ་གྱི་ཏང་ཡོན་ལས་བྱེད་པས། “དུས་རབས་ཀྱི་མིག་དཔེ”མིག་དཔེར་འཛིན་པ་དང་། དཔའ་བོ་དཔེ་བཟང་གི་ས་ནས་འབད་འབུངས་ཀྱི་སྟོབས་ཤུགས་སློབ་སྦྱོང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ། རླབས་ཆེན་གྱི་ཏང་འཛུགས་སྙིང་སྟོབས་ལ་བརྟེན་ནས་ཏང་གཤིས་བློ་སྦྱོང་བྱེད་པ། ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་འཆང་བ། གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ནས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ཏང་གི་ལོ་རྒྱུས་སློབ་སྦྱོང་དང་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཟུང་འབྲེལ་ཧུར་ཐག་བྱེད་པ། གནས་ལུགས་གསལ་རྟོགས་དང་དད་སེམས་འཕེལ་བ། སྤྱོད་བཟང་གོང་བཀུར་དང་ལག་ལེན་ནན་བསྟར། སེམས་ནུས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་མངོན་འགྱུར་ཐུབ་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ། ཏང་དང་མི་དམངས་ལ་ངོ་གནོང་མི་དགོས་པ་དང་ལོ་རྒྱུས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་ཧུར་ཐག་འཇོག་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།