འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་2ཉིན།

༄༅།།དགེ་རྒན་གྱི་གླ་ཕོགས་གཞུང་ཞབས་པའི་གླ་ཕོགས་དང་འདྲ་བར་གྱུར། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་1ཉིན་གྱི་སྔ་དྲོར་འཚོགས་པའི་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གི་ཀྲུའུ་རེན། སློབ་གསོ་པུའི་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཅུས་ཀྱི་ཅུས་ཀྲང་ཐེན་ཙུའུ་དབྱིན་གྱིས། 2020ལོར། རྒྱལ་ཡོངས་ཀྱི་ཆུས་དང་རྫོང་2846ཚང་མར“འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་ལས་མི་དམའ་བའི”དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཁས་ལེན་བྱས་ཡོད་པ་བསྟན།
   རྒྱལ་ཡོངས་ཀྱི་ཆུས་དང་རྫོང་2846ཚང་མར“མི་དམའ་བའི”དམིགས་ཚད་མངོན་འགྱུར་བྱ་རྒྱུའི་ཁས་ལེན་བྱས་པ་དེ་ནི་འོས་འགན་སློབ་གསོའི་བཅའ་ཁྲིམས་དང་དགེ་རྒན་གྱི་བཅའ་ཁྲིམས་ཁྱབ་བསྒྲགས་ལག་བསྟར་བྱས་པ་ནས་བཟུང་། སྔོན་རྩིས་བཀོད་སྒྲིག་གི་ལྷུ་ཚིགས་ནང་རྒྱལ་ཡོངས་ཀྱི་ཆུས་དང་རྫོང་ཚང་མར“མི་དམའ་བའི”དམིགས་ཚད་མངོན་འགྱུར་བྱུང་ཡོད། ལྟ་སྐུལ་མཛུབ་ཁྲིད་ཀྱི་གནས་ཚུལ་གསར་ཤོས་ལ་གཞིགས་ན། ད་བར་ས་གནས་ཁག་གིས་ཁས་ལེན་དེ་དོན་འཁྱོལ་བྱས་ནས། དགེ་རྒན་གྱི་གླ་ཕོགས་འགྲོ་གྲོན་འགན་ལེན་བྱེད་པའི་ཕུགས་ཕན་ལམ་སྲོལ་དང་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཐོབ་ཐང་དང་བསྟུན་ནས་ལེགས་སྒྲིག་བྱེད་པའི་མཉམ་འགུལ་ལམ་སྲོལ་དངོས་སུ་བཙུགས་ཡོད། 
   གསར་འགོད་པས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།《སློབ་གསོའི་ལྟ་སྐུལ་སློབ་སྟོན་དང་འགན་འཁྲི་འདྲི་རྩད་བྱེད་ཐབས》ད་ལོའི་ཟླ་9ཚེས་1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱས་ཡོད། འདི་ནི་ཀྲུང་གོ་གསར་པའི་ལོ་རྒྱུས་ཐོག་ཐེངས་དང་པོར་བཏོན་པའི་སློབ་གསོ་ལྟ་སྐུལ་སློབ་སྟོན་དང་འགན་འཁྲི་འདྲི་རྩད་ཡིག་ཆ་ཞིག་རེད། ཏང་གི་སློབ་གསོའི་བྱེད་ཕྱོགས་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སློབ་གསོའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་མི་བྱེད་པ་དང་། སློབ་གསོའི་འགན་འཁྲི་ཡག་པོ་མི་སྒྲུབ་པ། སློབ་གསོའི་འགག་སྒྲོལ་ལས་འགན་བསྒྲུབ་རྒྱུ་དེ་རྗེས་ལུས་ཚབས་ཆེན་ཐེབས་པ། སློབ་གཉེར་བྱ་སྤྱོད་ཚད་དང་མི་མཐུན་པ། སློབ་གསོ་དང་སློབ་ཁྲིད་ཀྱི་སྤུས་ཚད་ཞན་པ། བདེ་འཇགས་ཀྱི་གནད་དོན་ཅུང་མང་བའམ་ཡང་ན་སློབ་གསོ་དང་ལྟ་སྐུལ་སློབ་སྟོན་དང་ལེན་མི་བྱེད་པ་བཅས་ཀྱི་གནས་ཚུལ་དྲུག་པོའི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།