འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་2ཉིན།

༄༅།།ཤིང་འབྲས་ཧྲུའུ་མེའི་ཐོན་འབབ་བཟང་། ཡིད་སེམས་དགའ་བ་འབུམ་གྱིས་བརྟས།

—— མཚོ་སྔོན་དངུལ་རྩའི་ཞབས་ཞུས་ཞིང་འབྲོག་ལས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པའི་མཐོང་ཐོས།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་02ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    འབྲས་ལྡན་སྟོན་གྱི་དུས་སུ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཀྲོའུ་མདའ་བཞི་རྫོང་གསེར་ཐང་ཤང་མཚོ་ཤར་གྲོང་ཚོའི་ཤིང་འབྲས་ཧྲུའུ་མེའི་ལྡུམ་རར་འབྲས་བུའི་མགོ་ལྕོག་ལྡེམ་བཞིན་མཆིས། གྲོང་མི་ཀྲའོ་ཧྲེང་དབྱིང་གིས་བྱང་ཆུབ་ལ་བདེ་ལྕག་འཁྱུག་པའི་འབྲས་བུ་འཐུ་སྟངས་ལས་ཡུད་ཙམ་ཡང་མ་འགོར་བར་ལག་ནང་གི་གཟེབ་མ་ཆུ་ཁྲུམ་ཁྲུམ་གྱི་ཤིང་འབྲས་ཧྲུའུ་མེ་ཡིས་ཁེངས།
    དེའི་རིང་མཚོ་ཤར་གྲོང་ཚོའི་ཤིང་འབྲས་ཧྲུའུ་མེའི་ལྡུམ་རར་གླ་པ་བྱས་ནས་ཡོང་འབབ་གསོག་མཁན་གྲོང་ཚོ་དེ་ག་དང་གྲོང་ཚོ་གཞན་གྱི་གྲོང་མི་མང་ཤོས་སྐབས་སུ་མི་240ལྷག་ཙམ་ཟིན་གྱི་ཡོད། ཀྲའོ་ཧྲེང་དབྱིང་གིས། ཤིང་འབྲས་ཧྲུའུ་མེ་སྤྱི་རྒྱ་གཅིག་བཏུས་ན་ཡོང་འབབ་སྒོར་5རག་གི་འདུག ཡོང་འབབ་མང་ཤོས་སྐབས་ཉིན་གཅིག་ལ་སྒོར་200ལྷག་ཙམ་རག་གི་འདུག་ཅེས་བཤད།
    ཤིང་འབྲས་འཐུ་བའི་དུས་ཚིགས་འཆར་སྐབས། ཤིང་འབྲས་ཧྲུའུ་མེའི་ལྡུམ་རར་ཧ་ཅང་འཁྲུག་ཆ་དོད་ཅིང་། ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་རྟེན་གཞིའི་འགན་འཁུར་བ་ཀུའོ་ཞུའེ་མེ་ཡང་ཤིང་འབྲས་ཧྲུའུ་མེ་ཕྱིར་ཚོང་གི་ལས་ལ་བྲེལ་བཞིན་མཆིས། འདི་ལོ་ས་བབ་མཐོ་ཚད་སྨི་3000ཙམ་དུ་སྐྱེས་པའི་ཤིང་འབྲས་ཧྲུའུ་མེར་ལོ་ལེགས་བྱུང་མོད། འོན་ཀྱང་ཀུའོ་ཞུའེ་མེར་ཤིང་འབྲས་ཧྲུའུ་མེའི་ལས་གཏོད་བྱེད་རིང་དཀའ་ངལ་མི་ཉུང་བ་ཞིག་འཕྲད་ཡོད།
   2016ལོར་སྟེས་དབང་གི་གོ་སྐབས་ཤིག་ལས་ཀུའོ་ཞུའེ་མེར་ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་ཕྱིར་ཚོར་གི་བསམ་བློ་འཁོར། ལོ་དེར་ཀུའོ་ཞུའེ་མེས་དྲ་ཐོག་ནས་ཤིང་འབྲས་ཧྲུའུ་མེའི་སྡོང་ཕྲུག་ཉོས་ཏེ་རང་ཉིད་ཀྱི་ཞིང་ཁ་མུའུ་30ལྷག་ཙམ་དུ་ཚོད་འདེབས་བྱས།
    “ཤིང་འབྲས་ཧྲུའུ་མེར་འཚོ་བཅུད་ཆེན་པོ་ལྡན་ལ་འདེབས་འཛུགས་ཀྱི་ལག་རྩལ་ཡང་བྱང་ཆུབ་པོ་ཡོད། འོན་ཀྱང་ས་བབ་མཐོ་ཚད་སྨི་3000ཙམ་གྱི་ས་ཆར་སྐྱེ་ཐུབ་མིན་ང་ལ་གདེང་ཚོད་ཆེན་པོ་མེད”ཅེས་ཀུའོ་ཞུའེ་མེས་བཤད།
    ལོ་དེར་ཀུའོ་ཞུའེ་མེས་འདེབས་འཛུགས་དོ་དམ་ལས་དོན་ཁག་ཡག་པོ་བསྒྲུབས་མོད། འོན་ཀྱང་ཤིང་འབྲས་ཧྲུའུ་མེའི་ལྡུམ་རར་སྡོང་ཕྲུག་མང་པོ་རུལ་ཡོད། “ཁག་དང་པོ་བཏབ་པའི་སྡོང་ཕྲུག་ཁྲོད་ནས་ཕལ་ཆེ་བ་རུལ་བ་མ་ཟད་འབྲས་བུ་ཡང་བཏགས་མེད་མོད། འོན་ཀྱང་དེའི་ནང་ནས་སྡོང་ཕྲུག་གཅིག་སྐྱེ་འཚར་བཟང་ལ་འབྲས་བུ་ཡང་མང་པོ་བཏགས་པ་དེས་ང་ལ་སླར་ཡང་སེམས་ཤུགས་སྐྱེས་བྱུང་། སྡོང་ཕྲུག་གཅིག་ལ་འབྲས་བུ་བཏགས་པ་དེའི་ཐོག་ནས་མཚོ་ཤར་གྲོང་ཚོའི་ས་གཞིར་ཤིང་འབྲས་ཧྲུའུ་མེ་སྐྱེ་ཐུབ་པ་མཚོན་གྱི་ཡོད”ཅེས་ཀུའོ་ཞུའེ་མེ་ཡིས་བཤད།
    དེ་ལྟར་སླར་ཡང་རེ་བའི་གསོན་ཤུགས་རྒྱས་པའི་ཀུའོ་ཞུའེ་མེས་དཔྱད་གཞི་ལྟ་ཀློག་དང་རིགས་གཅིག་མཁས་ཅན་ལ་སྐད་ཆ་དྲིས་རྗེས་ཤིང་འབྲས་ཧྲུའུ་མེ་ཁག་དང་པོའི་གནད་དོན་དེ་སྡོང་ཕྲུག་ཐོག་ཐོན་ཡོད་པ་ཤེས། རིགས་གཅིག་མཁས་ཅན་གྱིས་འོས་སྦྱོར་བྱས་པ་བརྒྱུད། 2017ལོར་ཀུའོ་ཞུའེ་མེས་སླར་ཡང་སྡོང་ཕྲུག་གསར་པ་ཁག་གཅིག་ནང་འདྲེན་བྱས་ནས་མུའུ་308དུ་ཚོད་འདེབས་བྱས།
   “ཤིང་འབྲས་ཧྲུའུ་མེ་བཏབ་ནས་ལོ་གསུམ་པར་གཞི་ནས་འབྲས་བུ་འདོགས་ཀྱི་ཡོད། གལ་ཏེ་གཡོག་བྱེད་ཡག་པོ་བྱུང་ཚེ་ལོ་10ཡན་གྱི་ལོ་ལེགས་དང་ཐོན་འབབ་བརྟན་པོ་རྒྱུན་འཁྱོངས་ཡོང་སྲིད”ཀུའོ་ཞུའེ་མེ་ཡིས། ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་རྣམ་གྲངས་ཀྱི་མ་འཇོག་དུས་ཚོད་སྤྱིར་ན་དུས་འགོར་ཡིན་པ་དང་། མཚོ་ཤར་གྲོང་ཚོའི་ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི་500ཙམ་གཏོང་དགོས་ཀྱི་འདུག་ཅེས་བཤད།
    འདེབས་འཛུགས་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཀྱང་མ་དངུལ་གྲབས་གསོག་བྱེད་དཀའ་བ་དེ་ཀུའོ་ཞུའེ་མེ་ཡི་ལས་གཏོད་ཀྱི་དཀའ་གནད་གཉིས་པར་གྱུར། ཀུའོ་ཞུའེ་མེས་2019ལོར་ཤིང་འབྲས་ཧྲུའུ་མེ་འབྲས་བུ་སྨིན་པའི་དུས་སུ་སླེབས་མོད། འོན་ཀྱང་དུས་འགོའི་མ་དངུལ་བཏང་བར་ཚུར་ཡོང་འབབ་བྱུང་མེད་སྟབས“སྐབས་དེ་དུས་ང་ལ་ཤིང་འབྲས་ཧྲུའུ་མེ་འཐུ་མཁན་ལ་གླ་ཆ་སྤྲོད་པའི་དངུལ་ཡང་མེད”ཅེས་དྲན་གསོ་བྱེད་བཞིན་དེ་ལྟར་བཤད།
   ཀུའོ་ཞུའེ་མེས་མ་དངུལ་གྲབས་གསོག་བྱེད་སྐབས་ཞིང་འབྲོག་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་སྲིད་ཇུས་ཤིག་གིས་ཁོང་གི་ཁ་ཚ་དགོས་གཏུགས་ཀྱི་དཀའ་ངལ་བསལ། ཤིང་འབྲས་ཧྲུའུ་མེའི་འདེབས་འཛུགས་རྟེན་གཞི་དེ་མཉམ་ལས་ཁང་གི་རྣམ་པའི་ཐོག་ནས་འཁོར་སྐྱོད་བྱས་པ་ཞིག་ཡིན་ལ། ཁྱབ་ཁྱོན་ཆེ་བ་དང་ཉེ་འཁོར་གྱི་ལས་ཞུགས་ལ་སྐུལ་ཁྲིད་བྱེད་ནུས་ཆེན་པོ་ལྡན་པས། ཁག་ཐེག་ཀུང་སིའི་རོགས་རམ་འོག་ཀུའོ་ཞུའེ་མེས་དངུལ་ཁང་ནས་དངུལ་བུན་སྒོར་ཁྲི་30གཡར་ཐུབ་པ་བྱུང་ཡོད།
   “ཞིང་འབྲོག་དུད་ཚང་གིས་གཏའ་མ་འཇོག་མི་དགོས་པར་སྐྱེད་ཀ་དམའ་བའི་ཁག་ཐེག་དངུལ་བུན་གཡར་ཆོག་པ་དེས་ཞིང་འབྲོག་ཁུལ་གྱི་གཉེར་སྐྱོང་བྱེད་པོ་སྐྱེད་སྲིང་དང་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད”ཀྲུང་གོ་ཞིང་ལས་དངུལ་ཁང་མདའ་བཞི་རྫོང་ཉིང་ལག་དངུལ་ཁང་གི་ཧང་ཀྲང་ཝང་ཧུའེ་ཡིས། མིག་སྔའི་བར་རིམ་རྩིས་བྱས་ན། ང་ཚོས་ཁག་ཐེག་དངུལ་བུན་བསྡོམས་སྒོར་དུང་ཕྱུར་1.03བཏང་བ་དང་སྐྱེད་ཀ་སྒོར་ཁྲི་300ལྷག་ཙམ་ཆག་ཡང་བཏང་ཡོད་ཅེས་བཤད།
    ད་ཆ། ཀུའོ་ཞུའེ་མེ་ཡི་ཤིང་འབྲས་ཧྲུའུ་མེའི་འདེབས་འཛུགས་རྟེན་གཞིའི་ཐོན་སྐྱེད་བརྟན་པོ་ཡོད། 2020ལོར་ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་རྟེན་གཞིའི་མུའུ་རེ་ནས་ཐོན་འབབ་རྒྱ་མ་800ལྷག་ཙམ་ཟིན་པ་དང་ཤིང་འབྲས་ཧྲུའུ་མེ་སོས་པ་ཕྱིར་ཚོང་བྱས་པར་ཁེ་སྤོགས་སྒོར་ཁྲི་80ལྷག་ཙམ་བྱུང་ཡོད། དངུལ་རྩའི་ཁག་ཐེག་གི་ཞབས་ཞུའི་རོགས་རམ་འོག་ཀུའོ་ཞུའེ་མེ་དང་འདྲ་བའི་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་མང་པོ་ཞིག་གིས་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་དང་གཉེར་སྐྱོང་ཕན་འབྲས་ཆེ་རུ་བཏང་ཡོད།
    མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ལས་ཡིད་རྟོན་དངུལ་བུན་ཁག་ཐེག་ཚད་ཡོད་འགན་འཁྲི་ཀུང་སི་མདའ་བཞི་ཡན་ལག་ཀུང་སིའི་ཅིང་ལི་ཁོའུ་ཝུན་ཐིང་གིས། ནོར་སྲིད་ཞིང་སྐྱོར་སྲིད་ཇུས་མ་ལག་གི་གྲུབ་ཆ་ཞིག་ཡིན་པའི་ངོས་ནས་ང་ཚོས་གཙོ་བོ་ཞིང་འབྲོག་ལས་ཀྱི་གཞི་ཁྱོན་འོས་འཚམ་ལྡན་པའི་གཉེར་སྐྱོང་བྱེད་པོར་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་བྱས་ཡོད། མིག་སྔར། མདའ་བཞི་རྫོང་གི་ཞིང་འབྲོག་ལས་གཉེར་སྐྱོང་བྱེད་པོ་གསར་པ་1159ལ་ཡིད་རྟོན་དངུལ་བུན་གྱི་ཁག་ཐེག་བྱས་ཡོད་ཅེས་ངོ་སྤྲོད་བྱས།
    ཤིང་འབྲས་ཧྲུའུ་མེ་ཡི་ཚོང་ཇེ་ཡག་ཏུ་འགྲོ་གི་ཡོད་པར་བརྟེན། ཀུའོ་ཞུའེ་མེ་ཡིས་ཤིང་འབྲས་ཧྲུའུ་མེ་དེ་དཔལ་འབྱོར་གྱི་ཟུར་བསྣན་རིན་ཐང་དེ་བས་ཆེ་བའི་ཤིང་འབྲས་ཁུ་བ་དང་ཤིང་ཏོག་བསྣུར་མ་སོགས་ཀྱི་ཐོན་རྫས་ལས་སྣོན་བྱེད་རྩིས་ཡོད། “བཟའ་བཅའི་ལས་སྣོན་སྒྲིག་ཆས་ཐད་མ་དངུལ་གཏོང་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ངས་མཚོ་སྔོན་གྱི་ས་གནས་དེ་གའི་བཟའ་བཅའི་ལས་སྣོན་ཁེ་ལས་དང་མཉམ་ལས་བྱས་ནས་ཐོན་སྐྱེད་བྱེད་རྒྱ་ཆེ་རུ་གཏོང་རྩིས་ཡོད། ཤིང་འབྲས་ཧྲུའུ་མེ་འདེབས་འཛུགས་ཀྱིས་ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་ནས་ས་ཆ་དེ་གའི་གྲོང་མིའི་འཚོ་བ་ཉིན་བཞིན་ཡག་ཏུ་འགྲོ་རྒྱུ་ཡིན་པ་ང་ལ་ཡིད་ཆེས་ཡོད”ཅེས་ཀུའོ་ཞུའེ་མེ་ཡིས་བཤད།