འཚོལ་བཤེར།   
藏文频道
2021ལོའི་ཟླ་9ཚེས་1ཉིན།

༄༅།།བྱ་དགའ་སྟེར་བའི་ཐབས་ལ་བརྟེན་ནས་ཀྲུང་གོ་བ་ཞིག་འཛིན་བཟུང་བྱེད་མཚམས་འཇོག་པའི་
བླང་བྱ་བཏོན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 09ཚེས་01ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   མི་དམངས་དྲ་བའི་འཕྲིན། གནས་ཚུལ་སྤེལ་བར་གཞིགས་ན། ཉིན་ཤས་གོང་ཨ་རིའི་རྒྱལ་དོན་བློན་ཆེན་པུའུ་ལིན་ཁེན་གྱིས་རྒྱལ་ཁོངས་ལས་བརྒལ་བའི་དུག་ཚོང་དོགས་གཞི་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཤིག་འཛིན་པར་ཨ་སྒོར་ཁྲི་500བྱ་དགའ་སྤྲོད་རྒྱུ་ཁྱབ་བསྒྲགས་བྱས། དེའི་ཐད་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཟླ་8ཚེས་31ཉིན། འབྲེལ་ཡོད་གྱོད་གཞི་ནི་ཀྲུང་ཨ་ཕྱོགས་གཉིས་པོས་2016ལོ་ནས་བཟུང་མཉམ་འབྲེལ་ཐོག་མྱུལ་ཞིབ་བྱས་པའི་གྱོད་གཞི་ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱིས་བརྡ་ཁྱབ་བཏང་བའི་ཚད་ཡོད་ཁུངས་སྣེར་གཞིགས་ནས། ལས་ཀ་མང་པོ་སྒྲུབ་པ་དང་འབྲེལ་ཡོད་ཀྲུང་གོའི་སྤྱི་དམངས་ཀྱི་ཐོབ་ཐང་གཏན་འཁེལ་བྱས་པ་མ་ཟད། ད་དུང་ཨ་རི་ཕྱོགས་ལ་འབྲེལ་ཡོད་ཆ་འཕྲིན་བརྡ་ཁྱབ་བཏང་བ་ཡིན། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་མཉམ་འབྲེལ་ཐོག་བརྟག་དཔྱད་བྱས་པ་བརྒྱུད། གྱོད་གཞི་དེ་དང་འབྲེལ་བ་ཡོད་པའི་རྫས་རིགས་ནི་ སྐབས་དེར་ཀྲུང་གོར་དོ་དམ་བྱེད་ཁོངས་མིན་པ་དང་། དེ་ནི་རྫས་འགྱུར་དངོས་རྫས་དཀྱུས་མའི་ཁོངས་སུ་གཏོགས་པ་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོའི་སྤྱི་དམངས་ཀྱིས་ཀྲུང་གོའི་བཅའ་ཁྲིམས་ལས་འགལ་བའི་འབྲེལ་ཡོད་དཔང་རྟགས་མཁོ་འདོན་བྱ་རྒྱུའི་རེ་བ་ཐེངས་མང་བཏོན་མོད། འོན་ཀྱང་ཨ་རི་ཕྱོགས་ཀྱིས་ད་བར་སྔར་བཞིན་མཁོ་འདོན་བྱས་མེད།
   ཀྲུང་གོ་ཕྱོགས་ཀྱིས་རྒྱལ་མཚམས་སྒྲོལ་ནས་དུག་ཚོང་རྒྱག་མཁན་གཏན་འཁེལ་བྱེད་པར་ངེས་པར་དུ་དོན་དངོས་ལ་སྣང་ཆེན་དང་དཔང་རྟགས་གཙོ་བོར་འཛིན་དགོས་པ་དང་། ཨ་རི་ཕྱོགས་ཀྱིས་བྱ་དགའ་སྤྲད་ནས་འཛིན་བཟུང་བྱེད་པ་མངོན་འགྱུར་བྱེད་དཀའ་བའི་གནས་ཚུལ་འོག  ལོ་གསུམ་སོང་རྗེས་སླར་ཡང་འབྲེལ་ཡོད་ཀྲུང་གོའི་སྤྱི་དམངས་འཛིན་བཟུང་བྱས་ན་བྱ་དགའ་སྤྲོད་རྒྱུའི་བཀའ་རྒྱ་བསྒྲགས། འདིས་ཀྲུང་ཨའི་དུག་འགོག་མཉམ་ལས་ཀྱི་རྨང་གཞིར་གཏོར་བརླག་ཚབས་ཆེན་བཏང་ཞིང་། གོམ་སྟབས་རྗེས་མའི་ཕྱོགས་གཉིས་པོའི་མཉམ་ལས་ལ་འགོག་རྐྱེན་བཟོས་ཡོད། དེ་ལས་ཐོན་པའི་མཇུག་འབྲས་ཨ་རི་ཕྱོགས་ཀྱིས་འགན་འཁུར་དགོས། “ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་བྱ་དགའ་སྤྲད་ནས་འཛིན་བཟུང་བྱ་སྤྱོད་སྤེལ་མཚམས་འཇོག་དགོས་པའི་བླང་བྱ་ནན་པོ་འདོན་རྒྱུ་ཡིན།”
   ཝང་ཝུན་པིན་གྱིས། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་ཨའི་དུག་འགོག་མཉམ་ལས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ལྷག་པར་དུ་ཉལ་ཐའི་རིགས་གང་བྱུང་དུ་སྤྱོད་པར་དོ་ཁུར་བྱེད་ཀྱི་ཡོད། 2019ལོའི་ཟླ་5ཚེས་1ཉིན། རང་གི་རྒྱལ་ཁབ་ཏུ་ཧྥེན་ཐའེ་ཉིའི་གནད་དོན་མངོན་གསལ་དོད་པོ་དེ་ཙམ་མེད་པའི་གནས་ཚུལ་འོག ཀྲུང་གོ་ཕྱོགས་ཀྱིས་མི་ཆོས་རིང་ལུགས་ཀྱི་ལངས་ཕྱོགས་ཐོག་ནས་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་སུ་ཧྥེན་ཐའེ་ཉིའི་རིགས་དངོས་སུ་དོ་དམ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ནས། ཨ་རིས་ཉལ་ཐའི་རིགས་གང་བྱུང་སྤྱོད་པའི་ཉེན་ཁར་ཁ་གཏད་གཅོག་རོགས་ཧུར་ཐག་བྱས་ཡོད། ཨ་རི་ཕྱོགས་ཀྱིས་ཐབས་ལམ་སྣ་ཚོགས་བརྒྱུད་ནས་ཀྲུང་གོ་ཕྱོགས་ལ་ཐུགས་རྗེ་ཆེ་ཞུས་ཡོད། དུག་འགོག་མཉམ་ལས་ནི་ཀྲུང་ཨའི་ཁྲིམས་འཛིན་མཉམ་ལས་ཀྱི་གཙོ་གནད་དང་བཀྲག་མདངས་འཚེར་ས་ཞིག་ཡིན་པའི་ངོས་འཛིན་བྱས་པ་རེད།
   “ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་གནས་ཚུལ་ངོ་མར་བརྩི་འཇོག་བྱས་ནས། ཡོངས་བསྒྲགས་ཀྱིས་བྱ་དགའ་སྤྲད་ནས་འབྲེལ་ཡོད་ཀྲུང་གོའི་སྤྱི་དམངས་འཛིན་བཟུང་བྱེད་པའི་བྱ་སྤྱོད་འཕྲལ་མར་མེད་པ་བཟོ་བ་དང་། ཀྲུང་གོ་ཕྱོགས་ལ་དམའ་འབེབས་གཏོང་བའི་བྱ་སྤྱོད་སྤེལ་མཚམས་འཇོག་པ། ཕྱོགས་གཉིས་པོའི་ཁྲིམས་འཛིན་མཉམ་ལས་ལ་རྣམ་པ་བཟང་པོ་གཏོད་པ་བཅས་བྱ་རྒྱུའི་སྐུལ་མ་གཏོང་དགོས”པ་བཤད།