འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་31ཉིན།

༄༅།།ལེ་དབར་སྟོང་གི་བརྩེ་སེམས།

—— ཐེན་ཅིན་དང་ཀན་ལྷོའི་ཤར་ནུབ་རྒྱུད་མཉམ་ལས་ཀྱིས་ཞིང་དུད་ལ་འཚོ་བ་གསར་པ་བཏོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་31ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལི་ཡཱ་ཐིང་།
   ཉིན་ཤས་གོང་། 2021ལོའི“ཐེན་ཅིན་གྱི་ལྷག་བསམ་ལ་བརྟེན་ནས་ཀན་སུའུ་དང་མཉམ་ལས་བྱེད་པའི”ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཐོན་ལས་དུས་ཆེན་ཐེན་ཅིན་དང་ཀན་སུའུ་ཞིང་ཆེན་གྱི་ཕིང་ལེང་གྲོང་ཁྱེར་ཁུང་ཏུང་ཆུས་དང་། ཀྲོང་ལང་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་བཅས་བཞིར་དུས་མཉམ་དུ་སྤེལ་འགོ་ཚུགས་ཤིང་། བོད་རིགས་བུ་མོ་ཚེ་རིང་ལྷ་མོས་ཅོ་ནེ་རྫོང་གི་ཚོགས་རར་སེམས་འགུལ་ཚད་མེད་ཐེབས་བཞིན་ལོ་གཅིག་གོང་ངས་གནས་འདི་ནས་རྡོག་ཐོན་གྱིས་ཤར་ནུབ་རྒྱུད་མཉམ་ལས་ཀྱི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱི་ཐོན་རྫས་རྒྱལ་ཡོངས་ལ་ཁྱབ་པར་བྱས་པ་ཡིན་ཞེས་བརྗོད།
    འདི་ལོར་ལོ་28ལ་སླེབས་པའི་ཚེ་རིང་ལྷ་མོས་སློབ་ཆེན་ཐོན་རྗེས་རང་ཉིད་ཀྱི་སྤུས་རྟགས་བཏོད་ཅིང་། གཙོ་བོ་བོད་རིགས་ཀྱི་སྲོལ་རྒྱུན་གྱོན་ཆས་དང་བོད་ཀྱི་གཞི་རྒྱུ་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་སོགས་ཚོང་གཉེར་བྱེད་ཀྱི་ཡོད། ཁོ་མོས་ན་ནིང་ཐོག་མར་ཐད་གཏོང་བྲིན་ཚོང་བྱེད་སྐབས་2020ལོའི་ས་ཁུལ་བཞིས་ཐུན་མོང་ཐོག་གཉེར་བའི་ཤར་ནུབ་རྒྱུད་མཉམ་ལས་ཀྱི་དྲ་ཐོག་ཐོན་ལས་དུས་ཆེན་ལ་ཞུགས་པ་ནས་དྲ་ཐོག་ཚོང་དོན་གྱི་ཐད་གཏོང་གསོ་སྦྱོང་དང་ལེན་བྱས་པ་རེད། ལོ་རྗེས་མར་ཁོ་མོས་རང་ཉིད་ཀྱིས་སྦྱངས་པའི་ཤེས་བྱ་དག་ལག་ལེན་ཁྲོད་སྤྱད་པས་ཐོན་རྫས་ཧ་ཅང་བྲིན་པོ་བྱུང་ཡོད།
    2017ལོར་ཐེན་ཅིན་གྲོང་ཁྱེར་གྱི་ཧོ་ཤིས་ཆུས་དང་ཀན་སུའུ་ཞིང་ཆེན་གྱི་ཕིང་ལེང་གྲོང་ཁྱེར་ཁུང་ཏུང་ཆུས་དང་། ཀྲོང་ལང་རྫོང་། ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཅོ་ནེ་རྫོང་བཅས་གསུམ་གྱིས་ཤར་ནུབ་རྒྱུད་དབུལ་སྐྱོར་མཐུན་སྦྱོར་གྱི“ཆ་སྒྲིག”བྱས་ཤིང་། དེའི་རྗེས་ཐེན་ཅིན་གྲོང་ཁྱེར་གྱི་ཧོ་ཞི་ཆུས་ཀྱིས་ལག་རྩལ་ལ་བརྟེན་ནས་དབུལ་སྐྱོར་དང་། གྲོན་དངུལ་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་སོགས་དབུལ་སྐྱོར་བྱེད་ཐབས་སྣ་ཚོགས་སྤྱད་དེ་ས་ཁུལ་གསུམ་དབུལ་སྒྲོལ་ཐུབ་རོགས་བྱས་ཡོད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཆེད། འདི་ལོར་ཐེན་ཅིན་གྲོང་ཁྱེར་ཧོ་ཤིས་ཆུས་ཀྱིས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ས་གནས་དེ་གའི་ཁྱད་ལྡན་ཐོན་ལས་ལ་རོགས་སྐྱོར་གྱིས་ས་ཁོངས་ཀྱི་སྤུས་རྟགས་ཤིག་གྲུབ་ཡོད།
    “རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་སྒྱུ་རྩལ”གྱི་ས་ཚིགས་དང་པོ་ནི་ཅོ་ནེ་རྫོང་ཡིན་ཞིང་། ཚེ་རིང་ལྷ་མོས་ཐད་གཏོང་བྱེད་སྐབས་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་དང་བོད་རིགས་ཀྱི་རིག་གནས་འགྲེམས་སྟོན་དང་འོས་སྦྱོར་བྱེད་ཀྱི་ཡོད། ཁོང་གིས“ཤར་ནུབ་རྒྱུད་ཀྱི་མཉམ་ལས་ཀྱིས་ཅོ་ནེ་རྫོང་གི་ཐོན་རྫས་དང་རིག་གནས་ཕྱི་ཕྱོགས་སུ་ཁྱབ་གདལ་བཏང་ཡོད། ང་ཚོས་ཀྱང་ཉེ་འཁོར་གྱི་གྲོང་མི་དེ་བས་མང་བ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན”ཞེས་བཤད།
   འདི་ལོར་ལོ་34ལ་སླེབས་པའི་ཀྲོའུ་རུའེ་ནི་པོ་ཧའེ་རྒྱ་མཚོའི་ངོགས་ནས་ཡིན་ཞིང་། ལོ་མང་གོང་ཁོང“སློབ་གྲྭ་ཆེ་མོ་བའི་དང་བླངས་ཞབས་ཞུའི་ནུབ་རྒྱུད་འཆར་གཞིར”ཞུགས་མྱོང་ཡོད། ཁོང་གིས་ཀན་སུའུ་ཞིང་ཆེན་དུ་ཁྱད་ལྡན་ཞིང་ལས་ཐོན་རྫས་སྤུས་ལེགས་མང་པོ་ཡོད་མོད། འོན་ཀྱང་དྲིལ་བསྒྲགས་བྱེད་ཐབས་དང་ཕྱིར་ཚོང་གི་ཐབས་ལམ་ཞན་པ་གསལ་པོ་ཤེས་ཀྱི་ཡོད་པས། 2018ལོར་ཕྱི་རྒྱལ་དུ་ལས་ཀ་བྱེད་བཞིན་པའི་ཀྲོའུ་རུའེ་ཡིས་རྒྱལ་ནང་དུ་ལོག་ནས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས། 2019ལོར་ཀྲོང་ལང་རྫོང་དུ་ཀན་སུའུ་ཞིང་ཆེན་ཅིན་ཧུའེ་ཅུས་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་བཙུགས་ནས། ས་གནས་དེ་གའི་ཞིང་དུད་ལ་ཁྱད་ལྡན་ཞིང་ཞོར་ཐོན་རྫས་བྲིན་ཚོང་བྱེད་རོགས་བྱས་པ་རེད།