འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་26ཉིན།

༄༅།།ཀྲུང་གོ་ཕྱོགས་ཀྱིས་ཐན་ཏེ་སེ་ལ་འཕྲིན་ཡིག་སྤྲིངས་པའི་ཐད། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་26ཉིན། 14:36】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་24ཉིན། ཇེ་ནེ་ཝར་རྒྱུན་སྡོད་ཀྲུང་གོའི་སྐུ་ཚབ་གཞུང་ཚབ་ཆེན་མོ་ཁྲེན་ཞུས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་གཉེར་བ་ཐན་ཏེ་སེ་ལ་《ཏེ་ཐེ་ལི་ཁེ་པའོ(ཨ་རིའི་སྐམ་དམག་འགོས་ནད་གསོ་རིག་ཞིབ་འཇུག་ཁང)ཐད་ཀྱི་དོགས་གནད》དང《ཁ་རུའོ་ལེན་ན་བྱང་མ་སློབ་ཆེན་གྱི་པ་ལི་ཁེ་ཚོགས་པའི་ཏོག་དབྱིབས་ནད་དུག་ཞིབ་འཇུག་བྱ་ཚུལ》ཞེས་པ་དང་དེ་བཞིན་དྲ་དམངས་ཁྲི་2500ལྷག་གིས་མིང་རྟགས་བཀོད་ནས་ཏེ་ཐེ་ལི་ཁེ་པའོ་རྟེན་གཞིར་བརྟག་དཔྱད་བྱེད་དགོས་པའི་བླང་བྱའི་ཡོངས་བསྒྲགས་འཕྲིན་ཡིག་སྤྲད་པ་རེད། 
     དེའི་ཐད་ཚེས་25ཉིན་ཕྱི་འབྲེལ་པུའི་གསར་འགོད་པའི་རྒྱུན་ལྡན་ཚོགས་འདུའི་ཐོག་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཝང་ཝུན་པིན་གྱིས་ཀྲུང་གོ་ཕྱོགས་ཀྱིས་གོ་ལ་ཧྲིལ་པོའི་ཁུངས་འདེད་གནད་དོན་ཐད་འཛིན་པའི་ལངས་ཕྱོགས་ནི་ཐོག་མཐའ་བར་གསུམ་དུ་གསལ་པོ་ཡིན། ཁུངས་འདེད་ནི་ཚན་རིག་གི་གནད་དོན་ཞིག་ཡིན་པས་ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཚན་རིག་གི་ཁུངས་འདེད་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་འབྲེལ་མུ་མཐུད་ཞུགས་རྒྱུ་ཡིན། ཀྲུང་གོ-འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུའི་ནང་རྒྱལ་སྤྱིའི་སྤྱི་ཚོགས་དང་ཚན་རིག་ལས་རིགས་ཀུན་གྱིས་ཁས་ལེན་པའི་སྡོམ་ཚིག་དང་གྲོས་འགོ་ལ་ངེས་པར་དུ་བརྩི་འཇོག་དང་ལག་བསྟར་བྱེད་དགོས། སླད་ཕྱིན་གོ་ལ་ཧྲིལ་པོའི་ཁུངས་འདེད་ལས་དོན་དེ་རྨང་གཞི་དེའི་ཐོག་སྤེལ་དགོས་ལ་སྤེལ་ཡང་དགོས་ཞེས་བསྟན། 
     ཕྱི་འབྲེལ་པུས་ཨ་རིར་ཆབ་སྲིད་ཀྱི་གཡོ་ཐབས་སྤེལ་མཚམས་འཇོག་དགོས་པའི་སྐུལ་ལྕག་བཏང་། 
     ཝང་ཝུན་པིན་གྱིས་བསྟན་དོན། ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་རིགས་གཅིག་མཁས་པའི་ཚོགས་ཆུང་ལ་སྣེ་ལེན་ཐེངས་གཉིས་ཞུས། ཏོག་གསར་གློ་ཚད་ནད་དུག་དེ་ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་ནས་ཐོན་པ་ཞིག་གཏན་ནས་མིན་ཞིང་། དེ་ནི་ཀྲུང་གོ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་མཉམ་འབྲེལ་ཞིབ་འཇུག་སྙན་ཞུ་ལས་ཐོབ་པའི་བསྡོམས་ཚིག་གསལ་པོ་ཞིག་རེད། གལ་ཏེ་འབྲེལ་ཡོད་ཕྱོགས་ཀྱིས་ཚོད་ལྟ་ཁང་ནས་ཕྱིར་བཤོལ་བའི་དོགས་གཞི་སེལ་མི་ཐུབ་པའི་ངོས་འཛིན་མཐའ་འཁྱོངས་བྱས་ཚེ་དྲང་གཞག་གི་རྩ་དོན་ལྟར་ཨ་རིའི་ཏེ་ཐེ་ལི་ཁེ་པའོ་རྟེན་གཞི་དང་ཁ་རུའོ་ལེན་ན་བྱང་མ་སློབ་ཆེན་ལ་བརྟག་དཔྱད་བྱེད་དགོས་ངེས་རེད། 
     དོན་དངོས་སུ་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་མང་ཚོགས་ཀྱིས་ཏེ་པའོ་རྟེན་གཞིའི་འབྲེལ་ཡོད་བྱེད་སྒོ་ཁྲིམས་དང་མི་མཐུན་པ་དང་། ཕྱི་གསལ་ནང་གསལ་མིན་པ། བདེ་འཇགས་མེད་པ་བཅས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། རྟེན་གཞི་དེ་ནི་ཨ་རིའི་སྐྱེ་དངོས་དམག་དོན་ཅན་གྱི་བྱེད་སྒོའི་སྒར་ས་ཆེན་པོ་ཞིག་ཡིན་པ་དང་ཨ་རིའི་སྐམ་དམག་འགོས་ནད་གསོ་རིག་ཞིབ་འཇུག་ཁང་ནི་དེའི་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་རེད། ཞིབ་འཇུག་ཁང་དེས་དུས་ཡུན་རིང་པོའི་ནང་ཏོག་དབྱིབས་ནད་དུག་ཞིབ་འཇུག་དང་སྒྱུར་བཀོད་བྱས་པ་དང་། 2019ལོར་བདེ་འཇགས་ལས་འཛོལ་ཚབས་ཆེན་ཐོན་པ་མ་ཟད། སྒོ་རྒྱག་དགོས་བྱུང་བ་དང་དེ་རྗེས་ཨ་རིའི་ནང་ཁུལ་དུ་ཏོག་གསར་གློ་ཚད་ཀྱི་ནད་རྟགས་འདྲ་བའི་ནད་གཞི་ཐོན་པ་རེད། གནད་དོན་དེ་དག་ཐད་ཨ་རི་ཕྱོགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་རིའི་མང་ཚོགས་ལ་རྩིས་སྤྲོད་གཏན་ནས་བྱེད་མྱོང་མེད། 
     ཁ་རུའོ་ལེན་ན་བྱང་མ་སློབ་ཆེན་གྱི་ཐད། ཨ་རིས་རྒྱུན་པར་ཝུའུ་ཧན་ནད་དུག་ཞིབ་འཇུག་ཁང་གིས་སྤེལ་བའི་ཏོག་དབྱིབས་ནད་དུག་ཞིབ་འཇུག་གིས་ཏོག་གསར་གློ་ཚད་རིམས་ནད་བྱུང་བར་མ་ཉེས་ཁག་གཡོགས་བྱེད་ཀྱི་ཡོད། དོན་དངོས་སུ་ཨ་རི་ནི་འཛམ་གླིང་ཡོངས་ཀྱི་ཞིབ་འཇུག་དེའི་རིགས་ལ་རོགས་སྐྱོར་བྱེད་མཁན་དང་ལག་བསྟར་བྱེད་མཁན་ཆེ་ཤོས་དེ་ཡིན། ལྷག་པར་དུ་ཁ་རུའོ་ལེན་ན་བྱང་མ་སློབ་ཆེན་གྱི་པ་ལི་ཁེ་ཚོགས་པ་ནི་ཞིབ་འཇུག་དེ་རིགས་ཀྱི་དབང་གྲགས་ཅན་ཡིན་པས། སྔ་མོ་ནས་ཏོག་དབྱིབས་ནད་དུག་འདྲེས་སྦྱོར་དང་སྒྱུར་བཀོད་ཀྱི་ནུས་པ་བྱང་ཆུབ་པ་ལྡན་ཡོད། པ་ལི་ཁེ་ཚོགས་པ་དང་དེ་བཞིན་ཚོད་ལྟ་ཁང་ལ་བརྟག་དཔྱད་བྱས་ཚེ་ཏོག་དབྱིབས་ནད་དུག་ཞིབ་འཇུག་ལས་ཏོག་གསར་ནད་དུག་ཐོན་མིན་གསལ་འབྱེད་ཐུབ་ཀྱི་ཡོད། 
     གང་ལྟར་ང་ཚོས་ཨ་རིར་ཁུངས་འདེད་ཀྱི་གནད་དོན་ལ་ཁ་གཡར་ནས་ཆབ་སྲིད་ཀྱི་གཡོ་ཐབས་སྤེལ་མཚམས་འཇོག་དགོས་པར་སྐུལ་མ་གཏོང་རྒྱུ་ཡིན། གལ་ཏེ་ཨ་རིས་ཚོད་ལྟ་ཁང་གི་ཕྱིར་གྱར་སྨྲ་བ་མཐའ་འཁྱོངས་བྱས་ཚེ་ཐོག་མར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཏེ་ཐེ་ལི་ཁེ་པའོ་དང་ཁ་རུའོ་ལེན་ན་བྱང་མ་སློབ་ཆེན་དུ་འབྱུང་རྩ་བརྟག་དཔྱད་བྱེད་པར་གདན་ཞུ་བྱེད་དགོས་པ་དང་། དུས་མཚུངས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁུངས་འདེད་གནད་དོན་དེ་ཆབ་སྲིད་ཅན་དུ་འགྱུར་བར་མཉམ་དུ་བཀག་འགོག་བྱེད་པ་དང་། ཁུངས་འདེད་གནད་དོན་ཚན་རིག་དང་མཐུན་པའི་མཉམ་ལས་ཀྱི་ལམ་ཐོག་ཏུ་ལོག་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།