འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་26ཉིན།

༄༅།།ལུག་གསོའི་དུད་ཆེན་ནས་ལུག་གཅིག་ཀྱང་མེད་པའི་བར།

འབྲོག་པ་སྙན་གྲགས་ཀྱིས་ལུག་ཉུང་དུ་བཏང་བའི་སྐོར་བཀོད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་26ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཤའོ་ལིན་དང་ཤེ་ཅའོ།
    འབྲོག་པ་སྙན་གྲགས་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་མཛོད་དགེ་རྫོང་རྐྱང་ཆུ་གྲོང་ཚོ་ནས་ཡིན་པ་དང་། ཉིན་དེ་དག་རིང་ཁོང་གིས་ཁྱིམ་གྱི་ལུག་ལྷག་མ་80ལྷག་ཙམ་དག་རྩྭ་ར་རྒྱ་ཆེ་བའི་འབྲོག་དུད་གཞན་ཞིག་གི་འབྲི་གཡག་20ལྷག་ཙམ་དང་བརྗེ་པོ་བརྒྱབ་པ་རེད། གང་ཡིན་ཟེར་ན། སླར་གསོ་བྱུང་མ་ཐག་པའི་རྩྭ་ར་དག་ལུག་ཁྱུས་རྩ་བཀོག་མི་གཏོང་བའི་ཆེད་དུ་རེད།
   སྙན་གྲགས་ཀྱི་ཁྱིམ་ལ་ལོ་10ཡི་གོང་ལུག་མགོ་གྲངས་500ལྷག་ཙམ་དང་འབྲི་གཡག་མགོ་གྲངས་200ལྷག་ཙམ་ཡོད་པས་དེ་སྔ་ས་གནས་དེ་གའི“དུད་ཆེན”ཞིག་རེད། ལུག་བརྗེ་པོ་བརྒྱབ་ཚར་རྗེས་ཁོང་ལུག་གཅིག་ཀྱང་མེད་པའི་དུད་ཚང་དུ་གྱུར་ལ། འབྲི་གཡག་གི་མགོ་གྲངས་100ཡང་ཟིན་གྱི་མེད།
    ནོར་ལུག་ནི་འབྲོག་པའི“སྲོག་རྩ”ལྟ་བུ་རེད། སྙན་གྲགས་ཀྱིས་སེམས་ཐག་གཙང་བཅད་ཀྱིས་ཕྱུགས་རིགས་ཉུང་དུ་གཏོང་དོན་ནི་ཁྱིམ་གྱི་འབྲོག་ར་མུའུ་3500ཡི་དབུས་ཀྱི་བྱེ་འགྱུར་ས་ཆ་ཕྲན་བུ་དེ་ལེགས་བཅོས་བྱ་ཆེད་ཡིན། མ་གཞི་ས་གནས་དེ་གའི་སྲིད་གཞུང་གིས་བཅོས་སྐྱོང་བྱས་མོད། འོན་ཀྱང་ཉེ་འཁོར་གྱི་རྩྭ་ཐང་དང་གཏན་ནས་འདྲ་གི་མེད།
   ས་མཐོའི་འབྲོག་རའི་འཚོ་བ་དཀའ་ཚེགས་ཆེ་བ་སྙན་གྲགས་ཀྱི་དཔྲལ་བ་ལས་མངོན་ཐུབ། འོན་ཀྱང་དེས་ཁོང་ལ་ཞི་ལྷོད་དང་ཞུམ་མེད་ཀྱི་གཤིས་ཀ་ཞིག་ཀྱང་འཇགས་ཡོད། གཉེན་སྒྲིག་བྱས་རྗེས་ཁོང་གིས་སྔ་ལངས་ཕྱི་ཉལ་བྱས་པས་ནོར་ལུག་ཇེ་མང་དུ་སོང་ཡོད་མོད། འོན་ཀྱང་རྩྭ་ཐང་ཐོག་གི་བྱེ་ས་ནོར་གྱི་རྩིད་པ་དང་འདྲ་བར་མང་དུ་ཕྱིན་ནས་མཐར་ཕྱུགས་རིགས་ཀྱི་འཐུང་ཆུ་ཡང་ཁྲོན་པ་འདྲུ་བར་བརྟེན་དགོས་ཀྱི་ཡོད། “ནོར་ལུག་རྣམས་ཤེད་མ་སྐྱོ་རུ་སོང་ནས་ཤ་སྐམ་པགས་སྐམ་དུ་གྱུར་པ་དང་བཞོན་པའི་འོ་མ་རང་ཁྱིམ་ལའང་འདང་གི་མེད”སྙན་གྲགས་ཀྱིས་རྣམ་པ་དེ་མཐོང་འདོད་མེད་ཀྱང་ནོར་ལུག་ལྟོགས་ཤི་མི་ཐེབས་པའི་ཆེད་དུ་ཁོང་གིས་ཨམ་གཙིགས་བསྡམས་ནས་སྒོར་ཁྲི་5ལྷག་ཙམ་བཏང་སྟེ་མི་གཞན་གྱི་རྩྭ་ཐང་གནས་སྐབས་བོགས་མར་གཡར།
    སྲིད་གཞུང་གིས་བྱེ་བཅོས་རིགས་གཅིག་མཁས་ཅན་དང་འབྲོག་ལས་རིགས་གཅིག་མཁས་ཅན་བཏང་ཞིང་། རིགས་གཅིག་མཁས་ཅན་གྱི་གསལ་འགྲེལ་དང་རྩྭ་ཐང་གི་གནས་ཚུལ་ལས་སྙན་གྲགས་ཀྱིས་རྩྭ་ཐང་དང་འཆམ་མཐུན་མཉམ་གནས་བྱེད་དགོས་པ་ཤེས།
   “ནོར་ལུག་ཤེད་མ་སྐྱོ་བའི་སྐབས་ལུག་རེར་སྒོར་500དང་འབྲི་གཡག་རེར་སྒོར་3000ལས་རག་གི་མེད། ད་ཆ་ལུག་རེར་སྒོར་2000དང་འབྲི་གཡག་རེར་སྒོར་6000རག་གི་ཡོད” སྙན་གྲགས་ཀྱི་བཟའ་ཟླ་ཧུང་ཁྲོའུ་མན་གྱིས་ཀྱང་རང་གི་བཟའ་ཟླས་ཕྱུགས་རིགས་གྲངས་འབོར་ཉུང་དུ་བཏང་ནས་ཕྱུགས་རྒྱུད་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་ཀྱི་ཡོད།
    ལོ་10སོང་རྗེས། སྙན་གྲགས་ཁྱིམ་གྱི་བྱེ་འགྱུར་ཅན་གྱི་འབྲོག་ར་མང་ཆེ་བར་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་ནས་རྩྭ་རིང་པོ་སྐྱེ་བ་དང་འདམ་ར་ཆུང་ཆུང་ཡང་ཆགས་ཡོད། སྙན་གྲགས་ཀྱི་སྦྲ་གུར་མདུན་དུ་རླངས་འཁོར་དང་སྦག་སྦག་ཡོད་ལ། ཤིང་ཕོར་ནང་ཚལ་དང་ཤིང་འབྲས་སོགས་མང་དུ་སོང་ཡོད། ཞོགས་པ་ཉི་མ་ཤར་སྐབས་ཧུང་ཁྲོའུ་མན་གྱིས་ཐག་པ་རིང་པོ་ཞིག་སྤྱད་དེ་འབྲི་གཡག་རྣམས་སྟར་པ་གཉིས་སུ་བཏགས་པ་དང་ལོ་10ལ་སླེབས་པའི་ཚ་མོ་བསྟན་སྒྲོན་ཁྲིད་ནས་འོ་མ་བཞོ་ཡི་ཡོད། གཟའ་འཁོར་རེར་ཁོང་གིས་སྤྱི་ལེ་160ལྷག་ཙམ་ཕར་འགྲོ་ཚུར་འོང་བྱས་ནས་རྫོང་གྲོང་གི་ཞག་སྡོད་ལམ་ལུགས་ཀྱི་སློབ་ཆུང་དུ་ཚ་མོ་སྐྱེལ་བསུ་བྱེད་ཀྱི་ཡོད། སྙན་གྲགས་ནང་མི་ཚང་མས་སློབ་གྲྭར་འགྲོ་མྱོང་བའི་བུ་མོ་ཆུང་ཆུང་གཅིག་པུ་དེས་སླད་ཕྱིན་ཁྱིམ་ལ་འགྱུར་ལྡོག་དེ་བས་མང་བ་གཏོང་ཐུབ་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད།
    རྔ་པ་ཀྲོའུ་ཞིང་ལས་གྲོང་གསེབ་ཅུས་ཞིང་ལས་ལག་རྩལ་ཁྱབ་གདལ་གྱི་ཞིབ་འཇུག་པ་ཀྲང་ཏ་ཝུའེ་ཡིས། སྲིད་གཞུང་གི་ཁྲིད་སྟོན་འོག་རྨ་ཆུའི་སྟོད་རྒྱུད་ཀྱི་འབྲོག་པས་རང་འགུལ་ངང་ཕྱུགས་རིགས་ཉུང་དུ་གཏོང་བ་དང་ཕྱུགས་རྒྱུད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པས་སྐྱེ་ཁམས་སྲུང་སྐྱོང་གི་གཏམ་རྒྱུད་ཡང་ཡང་ཐོས་རྒྱུ་ཡོད། དཔེར་ན། རྐྱང་ཆུ་གྲོང་ཚོའི་འབྲོག་དུད་323གྱིས་རང་འགུལ་ངང་ཕྱུགས་རིགས་ཉུང་དུ་བཏང་བ་མ་ཟད། ད་དུང་གསུམ་ཆ་གཉིས་ཙམ་གྱིས་ཕྱུགས་རྒྱུད་ཀྱི་གྲུབ་ཆ་ལེགས་སྒྲིག་བྱས་པས“ལུག་མེད་དུད་ཚང”དུ་གྱུར་ཡོད་ཅེས་བཤད།