འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་རྫོང་ཨུད་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧུའུ་ཧུང་ཏང་དང་ལས་གནས་ནས་ཕྱིར་འབུད་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལྟ་ཞིབ་ཨུ་ལྷན་གྱིས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་གི་དེ་སྔའི་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ཧུའུ་ཧུང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད། ཧུའུ་ཧུང་གི་ཕུགས་བསམ་དང་དད་སེམས་ཤོར་ནས་ཐོག་མའི་བསམ་འདུན་དང་འགན་འཁྲི་ལས་འགལ་ཏེ་དོ་དམ་ཞབས་ཞུ་བྱ་ཡུལ་གྱི་ལག་རྟགས་དང་འབུལ་རྫས་བླངས་པ་དང་། ལམ་ལུགས་ཀྱི་འདུ་ཤེས་ཞན་པ་དང་མི་སྒེར་གྱི་འབྲེལ་ཡོད་བྱ་བ་སྙན་སེང་མི་ཞུ་བ། རྩ་འཛུགས་ཀྱིས་ཡིག་བསྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། མ་རབས་ཞེན་ཆགས་དོན་གཉེར་བྱས་ནས་རྒྱན་འཛུགས་ཀྱི་ངོ་བོ་ལྡན་པའི་རོལ་རྩེད་བྱེད་སྒོར་ཡུན་རིང་ཞུགས་པ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་མི་གཞན་ལ་ཁེ་ཕན་གཉེར་བ་དང་ཁྲིམས་འགལ་གྱིས་རྒྱུ་དངོས་བླངས་ཡོད་པ་རེད། 
     ཧུའུ་ཧུང་ནི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་དང་ཚབས་ཆེན་འགལ་བ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལས་འགལ་བ། གོ་གནས་ཁྲིམས་འགལ་གྲུབ་པ་མ་ཟད་རྒྱུ་རྔན་ཟ་ལེན་གྱི་ཉེས་གསོག་གི་དོགས་གཞི་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྟངས་འཛིན་མི་བྱེད་པ་དང་འཚམས་མི་འཇོག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་འཚམས་འཇོག་མི་ཤེས་པ་དང་། ངོ་ཚ་མེད་པ། ངོ་བོ་ཚབས་ཆེ། གྲངས་འབོར་ཧ་ཅང་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པར་ཐག་གཅོད་ནན་པོ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་དང་འབྲེལ་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་ཞུས་རྗེས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་ཧུའུ་ཧུང་ལ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེ་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་ཐག་བཅད། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་རྒྱུ་དང་།  དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་རེད། 
     ཧུའུ་ཧུང་གི་ལོ་རྒྱུས་མདོར་བསྡུས། 
     ཧུའུ་ཧུང་། སྐྱེས་པ། རྒྱ་རིགས། 1975ལོའི་ཟླ་9པར་སྐྱེས། ཁྲུང་ཆིང་ཏ་ཙུའུ་ནས་ཡིན། 
     1995ལོའི་ཟླ་1པོར་ཀྲུང་གོའི་གུང་ཁྲན་ཏང་ནང་ཞུགས། 
     1992ལོའི་ཟླ་12པར་ལས་ཀར་ཞུགས། ལས་ཐོག་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན། 
     1992ལོའི་ཟླ་12པ་ནས་1995ལོའི་ཟླ་9པའི་བར། ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་གི་ཅུན་ཤོག་5300ཡི་འཐབ་མོ་བ་དང་། 
     1995ལོའི་ཟླ་9པ་ནས་1998ལོའི་ཟླ་7པའི་བར་བོད་ལྗོངས་མི་རིགས་སློབ་གླིང་གི་དྲུང་ཡིག་ཆེད་ལས་སུ་སློབ་སྦྱོང་བྱས་པ་དང་། 
     1998ལོའི་ཟླ་7པ་ནས་2001ལོའི་ཟླ་7པའི་བར་བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུད་གཞུང་ལས་ཁང་གི་ཁོའོ་ཡོན་དང་། 
     2001ལོའི་ཟླ་7པ་ནས་2003ལོའི་ཟླ་1པོའི་བར་བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུད་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ། 
     2003ལོའི་ཟླ་1པོ་ནས་2004ལོའི་ཟླ་3པའི་བར་བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུད་རྩ་འཛུགས་པུའུ་ཡི་པུའུ་ཀྲང་གཞོན་པ། 
     2004ལོའི་ཟླ་3པ་ནས་2005ལོའི་ཟླ་4པའི་བར་བོད་རང་སྐྱོང་ལྗོངས་པ་སྣམ་རྫོང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ། 
     2005ལོའི་ཟླ་4པ་ནས་2010ལོའི་ཟླ་9པའི་བར་གུང་གཞོན་སྡེ་ཚོགས་བོད་རང་སྐྱོང་ལྗོངས་གཞིས་རྩེ་ས་ཨུད་ཀྱི་ཧྲུའུ་ཅི་གཞོན་པ། 
     2010ལོའི་ཟླ་9པ་ནས་2013ལོའི་ཟླ་7པའི་བར་བོད་རང་སྐྱོང་ལྗོངས་ངག་དབང་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ།(རྫོང་རིམ་པ) 
     2013ལོའི་ཟླ་7པ་ནས་2013ལོའི་ཟླ་9པའི་བར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ(རྫོང་རིམ་པ)དང་། 
     2013ལོའི་ཟླ་9པ་ནས་2021ལོའི་ཟླ་3པའི་བར་བོད་རང་སྐྱོང་ལྗོངས་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན། 
     2021ལོའི་ཟླ་4པར་གོ་གནས་ཕྱིར་འཐེན་བྱས་པ་རེད།