འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།བོད་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་ཕག་གྲུབ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས། 

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
      མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ལྟ་ཞིབ་ཨུ་ལྷན་གྱིས་རང་སྐྱོང་ལྗོངས་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུས་ཀྱི་དེ་སྔའི་ཏང་ཙུའུ་ཡི་ཁོངས་མི་དང་ཅུས་ཀྲང་གཞོན་པ་འཕགས་གྲུབ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གནད་དོན་ལ་གྱོད་ཐོ་བཀོད་ནས་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད། 
     ཞིབ་བཤེར་བྱས་པ་བརྒྱུད་འཕགས་གྲུབ་ཕུགས་བསམ་དད་སེམས་ཉམས་པ་དང་། ཐོག་མའི་བསམ་འདུན་ལས་འགན་དང་རྒྱབ་འགལ་བྱས་པ། ཏང་ལ་བློ་དཀར་སེམས་དཀར་མིན་པ་དང་དྲང་པོ་མིན་པ། རྩ་འཛུགས་ཀྱི་ཞིབ་བཤེར་ལ་ཁ་གཏད་འཇལ་བ་བཅས་དང་། རྩ་འཛུགས་ཀྱིས་ཡིག་སྐུར་འདྲི་རྩད་བྱེད་སྐབས་གནད་དོན་ཇི་མ་ཇི་བཞིན་གསལ་བཤད་མི་བྱེད་པ། དྲང་གཞག་གིས་གཞུང་དོན་སྒྲུབ་པར་གནོད་སྲིད་པའི་ལག་རྟགས་དང་གསོལ་སྟོན་དང་ལེན་བྱེད་པ། སྒེར་གཉེར་ཁེ་ལས་ཀྱི་བདག་པོས་མི་སྒེར་ལ་སྤྲོད་རྒྱུའི་འགྲོ་གྲོན་བཀོད་སྒྲིག་བྱེད་པ། གོང་རིམ་སྡེ་ཚན་ལ་ཞིབ་བཤེར་བྱེད་སྐབས་ལས་ཀ་ཇི་མ་ཇི་བཞིན་སྙན་སེང་མི་ཞུ་བ། འཚོ་བ་ངན་རུལ་དུ་གྱུར་ནས་མ་རབས་ཞེན་ཆགས་གཉེར་བ། ལས་གནས་ཐོག་གི་སྟབས་བདེར་བརྟེན་ནས་རྒྱལ་ཁབ་ཀྱི་མ་དངུལ་ཧམ་ལེན་གྱིས་ལྐོག་རྔན་འབོར་ཆེན་བླངས་ཡོད། 
      འཕགས་གྲུབ་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས་ཏང་གི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་ལས་ཚབས་ཆེན་འགལ་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལས་འགལ་ཏེ་གོ་གནས་ཁྲིམས་འགལ་ཡིན་པ་མ་ཟད་རྒྱུ་རྔན་ཟ་ལེན་གྱི་ཉེས་གསོག་གི་དོགས་གཞི་ཡོད་པ་མ་ཟད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་སྟངས་འཛིན་མི་བྱེད་པ་དང་འཚམས་མི་འཇོག་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་རྗེས་འཚམས་འཇོག་མི་ཤེས་པ་དང་། ངོ་ཚ་མེད་པ། ངོ་བོ་ཚབས་ཆེ། གྲངས་འབོར་ཧ་ཅང་ཆེ་བ། ཤུགས་རྐྱེན་ངན་པ་བཅས་ཡིན་པར་ཐག་གཅོད་ནན་པོ་བྱེད་དགོས་པའི་གཏན་འབེབས་བྱས་ཡོད། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》དང་།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལྟ་ཞིབ་བཅའ་ཁྲིམས》སོགས་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱི་ཚོགས་འདུའི་ཐོག་ཞིབ་འཇུག་བྱས་པ་བརྒྱུད་རང་སྐྱོང་ལྗོངས་ཏང་ཨུད་ལ་ཆོག་མཆན་ཞུས་ནས་རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་འཕགས་གྲུབ་ཏང་གི་སྐྱིད་སྡུག་ནས་འབུད་པའི་ཆད་པ་གཅོད་རྒྱུ་དང་། རང་སྐྱོང་ལྗོངས་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་དེ་ལ་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱེད་པའི་ཆད་པ་གཅོད་རྒྱུ་ཐག་གཅོད་བྱས། དེའི་ཁྲིམས་འགལ་ལུགས་དཀྲུག་གི་ཐོབ་ཆ་རྩིས་ལེན་བྱ་དགོས། དེའི་ཉེས་བསགས་དོགས་གནད་ཡོད་པའི་གནད་དོན་ཞིབ་དཔྱོད་ལས་ཁུངས་ལ་ཁྲིམས་ལྟར་ཞིབ་བཤེར་ཁྲིམས་སྦྱོར་བྱ་རྒྱུར་སྐྱེལ་སྤྲོད་བྱ་རྒྱུ་དང་། དེ་དང་འབྲེལ་བ་ཡོད་པའི་རྒྱུ་ནོར་གྱོད་གཞི་དང་མཉམ་དུ་སྐྱེལ་སྤྲོད་བྱ་རྒྱུ་རེད།