འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།ལོ་བརྒྱད་ཅུར་སོན་པའི་རྒན་རྒོན་ཚོས་བོད་ཀྱི་འཕོ་འགྱུར་གྱི་དཔང་པོ་བྱེད་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 10:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཝང་ཙེ་ཧའོ།
    བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བའི་སྐབས་སུ། གདུག་རྩུབ་ཆེ་བའི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་སྤྱི་ཚོགས་བརྒྱུད་མྱོང་བ་དང་། སྤྱི་ཚོགས་གསར་རྙིང་གི་ཉིན་རེ་ལས་མ་འདས་པའི་འཕོ་འགྱུར་ལ་དཔང་པོ་ཐུབ་ཅིང་། དགུང་ལོ་བརྒྱད་ཅུར་སོན་པའི་རྒན་རྒོན་ཚོས་རང་གི་ཚེ་མཇུག་ཏུ་བདེ་ཞིང་སྐྱིད་པའི་འཚོ་བ་འདི་ལྟ་བུ་སྐྱེལ་རྒྱུ་བྱུང་བ་བསོད་ནམས་རེད་སྙམ་པ་མ་ཟད། སྤྱི་ཚོགས་ལམ་ལུགས་ཀྱི་འཕོ་འགྱུར་ལས་ཁོང་ཚོར་ཤུགས་རྐྱེན་ཟབ་མོ་ཐེབས་པར་ཡང་མྱོང་ཚོར་ཆེན་པོ་ཡོད།
     བོད་རྙིང་པའི་གཞིས་རྩེ“ཆུ་དབར་གཞིས་ཀར”འཚོ་བ་བསྐྱལ་མྱོང་བའི་སྐབས་དེ་དུས་ཀྱི་ཞིང་བྲན་རྡོ་དགྲའི་ངོས་ནས་བརྗོད་ན“ཉིན་གསུམ”ལས་མེད་པ་སྟེ། ཉིན་གཅིག་གུས་གུས་ཞུམ་ཞུམ་གྱིས་མངའ་བདག་ལ་ཞབས་ཕྱི་ཞུ་དགོས་པ་དང་། ཉིན་གཅིག་ཕྱུག་བདག་གི་ཁྱིམ་དུ་གླ་པར་ཕྱིན་ནས་གླ་ཆ་རྩམ་པ་ཕྲན་བུ་ལེན་པ། ཉིན་གཅིག་ནུས་ཤུགས་གང་ཡོད་བཏོན་ནས་མངའ་བདག་གི་ས་ནས་བོགས་མར་བླངས་པའི་ཞིང་ཁ་འདེབས་པར་འགྲོ་དགོས་ཀྱི་ཡོད། འཚོ་བ་སྐྱོ་པོ་འདི་ལྟ་བུ་ཉི་མ་གནམ་ལ་ཤར་ཚད་སྐྱེལ་དགོས་ཀྱི་ཡོད།
   “ངས་བོགས་མར་བླངས་པའི་ས་ཞིང་མུའུ་3གྱི་ལོ་རེའི་ཐོན་འབབ་ཚང་མ་མངའ་བདག་ལ་འབོ(འཇལ་བྱེད་ཀྱི་སྣོད་ཅིག འབྲུ་རྒྱ་མ་28གཤོང་གི་ཡོད)6འཇལ་དགོས་པ་དང་ལྷག་འཕྲོ་རྣམས་ལོ་གོང་མར་ཕྱུག་བདག་ལ་ཆད་པའི་འབྲུ་བུན་ཧ་ལམ་འབོ་30འཇལ་དགོས་པས་ལོ་འཁོར་མོར་རང་ལ་འབྲུ་རྡོག་གཅིག་ཀྱང་ལྷག་གི་མེད”ཅེས་ད་ལོ་ལོ་86ལ་སླེབས་པའི་རྡོ་དགྲ་ཡིས་བརྗོད།
    དེས་མ་ཟད། རྡོ་དགྲའི་ཁྱིམ་གྱིས་ལོ་ལྟར་མངའ་བདག་ལ་འབྲུ་ཁྲལ་དང་། བལ་ཁྲལ། ཤ་ཁྲལ། ཤིང་ཁྲལ། ཆག་ཁྲལ་སོགས་ཁྲལ་སྣ་ཚོགས་འཇལ་དགོས་ཀྱི་ཡོད་པས་སྡུག་བསྔལ་ཚད་མེད་མྱོང་དགོས་ཀྱི་ཡོད།
    བོད་རྙིང་པར་ས་ཞིང་བདག་གིར་བཟུང་བར་བརྟེན་ནས་མངའ་བདག་ཆེན་པོ་གསུམ(སྡེ་པ་གཞུང་དང་། སྐུ་དྲག དགོན་སྡེའི་མཐོ་རིམ་གྲྭ་པ)གྱིས་ཞིང་བྲན་གྱི་འཆི་གསོན་དང་བག་མ་བསུ་ལེན་ལ་དབང་སྒྱུར་བྱེད་ཀྱི་ཡོད་པས་གང་འདོད་དུ་རྒྱན་འགྱེད་དང་། ཉོ་ཚོང་། སྐྱེས་སྤྲོད་སོགས་ལ་སྤྱད་ཆོག་པས་རྒྱ་ཆེའི་ཞིང་བྲན་ལ་འགྲོ་བ་མིའི་ཐོབ་ཐང་གཏན་ནས་མེད།
    ལོ་བརྒྱད་ཅུ་ཙམ་ལ་སླེབས་པའི་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱི་གྲོང་མི་བློ་བཟང་སྒྲོལ་མས་སྡེ་ཁུལ་གྱི་སྒོ་འགྲམ་དུ་སླེབས་རིམ་བཞིན“བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ། ཁེ་གསུམ”ཞེས་བྲིས་པའི་སྒོ་བྱང་དེར་བལྟས་ནས་སྡོད་ཀྱི་ཡོད། ཡིག་འབྲུ་དེ་དག་གིས་རྒན་མོར་རང་དབང་མེད་པར་སྔར་སོང་ལོ་ཟླ་ཡིད་ལ་འཆར་གྱི་ཡོད།
    “བོད་རྙིང་པའི་ཁེ་གསུམ་གཞིས་ཀའི་སྒོ་འགྲམ་དུ་ལོ་གཅིག་དུས་བཞིར་ཞིང་བྲན་བདག་པོའི་ཁྲིམས་འཛིན་དམིགས་བསལ་དབང་ཆ་མཚོན་པའི་ཁྲིམས་ཀྱི་དབྱུག་པ་བཀལ་ཡོད་པ་དེ་ཐོག་ནས་ཁེ་གསུམ་གཞིས་ཀ་དེ་གཞན་ལས་དེ་བས་མུན་ནག་དང་གདུག་རྩུབ་ཆེ་བ་དང་ཁེ་གསུམ་གྱི་ཞིང་བྲན་རྣམས་མཚོ་ལྟར་ཟབ་ཅིང་མེ་ལྟར་ཚ་བའི་སྡུག་བསྔལ་ནང་འཚོ་བ་སྐྱེལ་དགོས་པ་མཚོན”ཞེས་བློ་བཟང་སྒྲོལ་མས་མགྲིན་པ་བརྣངས་བཞིན་བཤད།
    སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཀྱི་འགྲིམ་འགྲུལ་འགག་མདོར་གནས་པའི་ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་གླད་དག་གྲོང་ཚོའི་ལོ་81ལ་སླེབས་པའི་བགྲེས་སོང་རིག་འཛིན་ལྷ་གཡང་རིག་པ་ཧ་ཅང་གསལ་ཞིང་། བཅིངས་འགྲོལ་དམག་ཐེངས་དང་པོ་མཐོང་སྐབས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་སྐབས“སྐབས་དེ་དུས་ང་ལོ་10ལ་སླེབས་ཙམ་རེད། བཅིངས་འགྲོལ་དམག་གིས་མི་སེར་གྱི་རྩམ་པ་ཁམ་གང་ཡང་མི་ཟ་བ་མ་ཟད། ད་དུང་ང་ཚོར་གྱོན་གོས་དང་། ལྷམ། ཕག་ཀྲིན་སོགས་སྟེར་བས་ཚང་མས་དགའ་བསུ་དང་བརྩི་བཀུར་བྱེད་ཀྱི་འདུག”ཅེས་བཤད།
    “བཅིངས་འགྲོལ་དམག་མི་ནི་གཤིས་རྒྱུད་བཟང་ཞིང་མཛའ་མཐུན་ཆེ་བས་གྲོང་མི་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག”སྐབས་དེ་དུས་རིག་འཛིན་ལྷ་གཡང་ནི་ས་གནས་དེ་གའི་ཕྲུ་གུ་མང་པོ་དང་འདྲ་བར་ལོ་ལྟར་ཞིང་བྲན་བདག་པོར་ལས་ཀ་བྱེད་དགོས་པ་དང་། ཉིན་རེའི་བཟའ་འབྲུ་ནི་རྩམ་པ་ཐུར་མ་གང་ལས་མེད་པས་ཟས་ཀྱིས་གྲོད་པ་མི་རྒྱགས་པ་དང་གོས་ཀྱིས་ལུས་དྲོས་ཀྱི་མེད།
   1951ལོར“གྲོས་མཐུན་དོན་ཚན་བཅུ་བདུན”མིང་རྟགས་བཀོད་པ་དང་བསྟུན་ནས་བོད་ཞི་བས་བཅིངས་འགྲོལ་བཏང་། བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་གཉའ་གནོན་དང་མནར་གཅོད་ཚད་མེད་མྱངས་པའི་རྒྱ་ཆེའི་ཞིང་བྲན་དང་བྲན་གཡོག་ཚོས་བཅིངས་འགྲོལ་གྱི་སྐྱ་རེངས་མཐོང་། བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་རྗེས་ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་ཐོབ་པ་དང་གངས་ལྗོངས་ས་མཐོར་སྔར་བྱུང་མྱོང་མེད་པའི་འཕེལ་རྒྱས་མྱུར་པོ་བྱུང་ཡོད།
    དམངས་གཙོའི་བཅོས་སྒྱུར་བྱས་རྗེས་རྡོ་དགྲར་མངའ་བདག་ཁྱིམ་གྱི་མཛོད་ཁང་ནས་ཚགས་ཤ་དང་ལུག་ཤ་ཐོབ་སྟེ་དགའ་སྤྲོའི་ངང་ཁྱིམ་དུ་ལོག་པ་དང་དེ་ཉིན་དགོང་མོར་ནང་མི་ཚང་མས་མེ་ཕུང་སྤར་ནས་ཤ་ཟ་ཞོར་ཞབས་བྲོ་འཁྲབ། རྡོ་དགྲ་ཡིས་ཤ་ཁམ་དང་པོ་དེ་ཟ་དུས་མིག་ཆུ་དབང་མེད་དུ་ཤོར་བ་ད་དུང་ཡང་ཡིད་ལ་ཝ་ལེར་དྲན་གྱི་ཡོད།
    ད་ཆ་རྡོ་དགྲ་ནི་ཡངས་ཤིང་དཀར་ཆ་དོད་པའི་བོད་བཟོའི་སྡོད་ཁང་ཐོག་སོ་ཉིས་ལྡན་དུ་སྡོད་པ་དང་ཁྱིམ་གྱི་ལྗིད་ཐེག་རླངས་འཁོར་དང་འདྲུད་འཐེན་འཁོར་ལོ་དྲུག་སྒོ་རའི་ནང་གྲལ་སྟར་འགྲིག་པོས་བཞག་ཡོད། བུ་གསུམ་པོ་ལས་ཀར་བརྩོན་ཞིང་ཕྱིར་གླ་པར་བསྐྱོད་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བ། སོ་ནམ་བྱེད་པ་བཅས་ལས་ཁྱིམ་གྱི་ལོ་རེའི་ཡོང་འབབ་སྒོར་ཁྲི་20ཙམ་ཟིན་གྱི་ཡོད། བུ་ཚའི་ལྟ་རྟོག་ཞིབ་ཚགས་འོག་རྒན་རྒོན་གྱི་ཟས་གོས་ཐད་སེམས་ཁྲལ་མེད་པར་ཚེ་མཇུག་བདེ་ལ་རོལ་བཞིན་ཡོད།
    ཁེ་གསུམ་གྱི་དེ་སྔའི་ཞིང་བྲན་ཚོའི་མིག་ནང་གི“མི་ཡུལ་གྱི་དམྱལ་བ”སྔ་ས་ནས་མི་ཡུལ་ཁམས་སུ་འགྱུར་ནས་རྒྱ་ཆེ་བའི་ཁྲོམ་གཞུང་དང་། ཀ་གདུང་བརྐོས་མ་སྣ་ཚོགས་ཀྱི་བོད་བཟོའི་བ་གམ། ལས་བྲེལ་ཆེ་ཡང་མཐུན་སྒྲིལ་ཟབ་པའི་གྲོང་མི་བཅས་ལས་གྲོང་ཚོའི་འཕོ་འགྱུར་ཆེན་པོ་དང་རེ་བ་མཚོན་གྱི་ཡོད།
    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཁབ་ཀྱིས་ཁེ་གསུམ་ལ་མ་དངུལ་སྒོར་ཁྲི་4000ཙམ་བཏང་ནས“སྐྱེ་ཁམས་ཤེས་དཔལ་གྱི་འབྱོར་འབྲིང་དཔེ་སྟོན་ས་ཚིགས”སྐྲུན་འགོ་ཚུགས་པ་དང་། ཆུ་འབུད་དང་། གློག་སྒྲོན། སྔོ་འགྱུར་བཅས་ཀྱི་མ་ལག་ཉམས་བཟོ་བྱས་པ། དམངས་ཕན་ཞབས་ཞུའི་ལྟེ་གནས་དང་ཞིང་པའི་དཔེ་ཁང་སོགས་བསྐྲུན་པས་སྡོད་མལ་ཁོར་ཡུག་གསར་རྐྱང་དུ་གྱུར་ཡོད། 2017ལོར་ཁེ་གསུམ་སྡེ་ཁུལ་གྱི་དུད་ཚང་དབུལ་པོ་ཚང་མ་དབུལ་སྒྲོལ་ཐུབ་པ་དང་། 2020ལོར་སླེབས་སྐབས་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་ལོ་རེའི་ཡོང་འབབ་སྒོར་ཁྲི་2.5ཟིན་ནས་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལ་མཆོང་སྐྱོད་གསར་པ་བྱུང་བ་རེད།
   “ད་ཆ་ངས་ནམ་རྒྱུན་གྱོན་པའི་གྱོན་ཆས་ནི་བོད་རྙིང་པའི་སྐུ་དྲག་གི་གྱོན་ཆས་ལས་ཀྱང་ཡག་པ་ཡོད། གང་ཟ་འདོད་པ་ཚང་མ་བཟའ་རྒྱུ་ཡོད་པ་མ་ཟད། ནད་གཞི་ལྟ་བར་ཡང་སྟབས་བདེ་པོ་ཡོད”ཅེས་བློ་བཟང་སྒྲོལ་མས་བཤད།