འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་24ཉིན།

༄༅།།རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་ཟི་ལིང་དུ་བཙུགས་པ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་24ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
   འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། གསར་འགོད་པར་མཚོ་སྔོན་ཞིང་ཆེན་ཚན་རྩལ་ཐིང་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་ཟི་ལིང་དུ་སྒོ་བྱང་བཀལ་བ་དང་འབྲེལ་བདེ་བླག་ངང་སྐུལ་འདེད་བཏང་ཡོད། དེ་ནི་རྒྱལ་ནང་གི་མཚོ་བོད་ས་མཐོ་དང་དེ་བཞིན་མཐའ་འཁོར་ས་ཁུལ་ལ་དམིགས་ནས་བསྐྲུན་པའི་རྒྱལ་ཁབ་རིམ་པའི་གྲངས་གཞིའི་ལྟེ་གནས་འབའ་ཞིག་དེ་ཡིན་པ་དང་། དེའི་ནང་རང་བྱུང་ས་ཁམས་ནས་རང་བྱུང་ཐོན་ཁུངས་དང་། མི་ཆོས་རིག་གནས་ཀྱི་ཁོར་ཡུག་ནས་གནའ་བོའི་གནམ་གཤིས་ཞིབ་འཇུག་སོགས་ཕྱོགས་མང་པོའི་ཐད་ཀྱི་གཙོ་གནད་ནང་དོན་ཚུད་ཡོད།
   2020ལོར་མཚོ་སྔོན་ཞིང་ཆེན་དང་ཀྲུང་གོ་ཚན་རིག་ཁང་གིས《རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱི་འཐབ་ཇུས་མཉམ་ལས་གྲོས་མཐུན》ལ་མཉམ་དུ་མིང་རྟགས་བཀོད་པ་དང་མི་རིང་བའི་གོང་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་མཚོ་སྔོན་དགེ་འོས་སློབ་ཆེན་དུ་བདེ་བླག་ངང་སྒོ་བྱང་བཀལ་ནས་མིག་སྔར་ལས་དོན་ཁག་ལ་སྐུལ་འདེད་བརྟན་པོ་གཏོང་བཞིན་ཡོད། ལྟེ་གནས་དེ་ཉིད་བཙུགས་པ་ནས་ད་བར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་བོད་ས་མཐོའི་རང་བྱུང་ས་ཁམས་དང་། ཆུ་ཁམས་རིག་པ། ས་རྒྱུ་རིག་པ། རླུང་ཁམས་ཆེ་མོ། གནའ་བོའི་གནམ་གཤིས་དང་གནའ་བོའི་ཁོར་ཡུག མི་ཆོས་རྒྱུ་རྐྱེན་དང་རང་བྱུང་ཐོན་ཁུངས། རང་བྱུང་གནོད་འཚེ། རྒྱང་ཚོར་བརྙན་པར་སོགས་ཐད་ཀྱི་འབྲེལ་ཡོད་དཔྱད་གཞི་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་དང་འབྲེལ་གྲངས་གཞིའི་ཚོགས་པ་700གྲུབ་པར་བྱས་ཏེ། རྒྱལ་ཁབ་ཀྱི་གྲངས་གཞིའི་ལས་སྟེགས་ཀྱི“མཚོ་སྔོན་ཞིང་ཆེན་གྱི་ཆེད་དོན”ལེ་ཚན་ནང་བསྡུ་སྒྲིལ་བརྒྱུད་བསྐུར་བྱས་པས། མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་ཁྲོད་ཀྱི་མཚོ་སྔོན་ཞིང་ཆེན་གྱི་གནས་བབ་དང་ཤུགས་རྐྱེན་ཆེ་རུ་ཤུགས་ཆེན་ཕྱིན་ཡོད།
    ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ཁབ་ཀྱི་མཚོ་བོད་ས་མཐོའི་ཚན་རིག་གྲངས་གཞིའི་ལྟེ་གནས་ཀྱི་བརྙན་པར་ནས་མཚོ་སྔོན་ཡན་ལག་ལྟེ་གནས་ཀྱི་གྲངས་གཞིའི་ཚོགས་པ་དང་ལེགས་སྒྲིག་བྱས་པའི་གྲངས་གཞིའི་ཚོགས་པ་ད་དུང་རྒྱུན་ཆད་མེད་པར་མང་དུ་འགྲོ་བཞིན་ཡོད། རྒྱལ་ཁབ་རིམ་པའི་གྲངས་གཞིའི་ལས་སྟེགས་འཛུགས་སྐྲུན་གྱི་ཚད་གཞི་ལོན་ཆེད། གོམ་སྟབས་རྗེས་མར་མཚོ་སྔོན་ཞིང་ཆེན་གྱིས་གྲངས་གཞིའི་ཐོན་ཁུངས་བསྡུ་རུབ་དང་ཉར་ཚགས་རྒྱུན་མཐུད་བྱས་ཏེ། གྲངས་གཞིའི་རྒྱུ་ནོར་དང་ཚེ་སྲོག་གི་དུས་འཁོར་དོ་དམ་དང་། གྲངས་གཞི་མཉམ་འདྲེས་དང་ཞིབ་བཤེར། གྲངས་གཞི་མཉམ་སྤྱོད་དང་འཛུགས་སྐྲུན་བཅས་བྱ་རྒྱུ་ཡིན་པ་རེད། དེའི་ནང་གྲངས་གཞི་མཉམ་སྤྱོད་ཞབས་ཞུའི་ལས་སྟེགས་མ་ལག་ནང་གྲངས་གཞི་ལེགས་སྒྲིག་གི་ཡན་ལག་མ་ལག་དང་། ཆེད་དོན་གྲངས་གཞི་འགྲེམས་སྟོན་གྱི་དབྱེ་ཞིབ་མ་ལག འཁོར་རྒྱུག་སྲུང་སྐྱོང་གི་དོ་དམ་ཞབས་ཞུའི་ཡན་ལག་མ་ལག གྲངས་གཞིའི་ཐོན་ཁུངས་འགྲེམས་སྟོན་གྱི་གཙོ་ཆེའི་ཡན་ལག་མ་ལག་བཅས་རིགས་ཆེན་པོ་བཞི་ཚུད་ཡོད་པས་གྲངས་གཞིའི་ལྟེ་གནས་ཀྱི“སྙིང”ལྟ་བུ་རེད་ཅེས་བརྗོད་ཆོག