འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་23ཉིན།

༄༅།།མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་ལམ་བུ་བསྐྲུན།

—— བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་23ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་བདེ་སྐྱིད་ལམ་བུ་བསྐྲུན།
     ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ལུའོ་པོ་དང་། ལིའུ་ཧུང་མིང་། ལི་ཅན།
     དེ་སྔ། བོད་དུ་ཡོང་བ་ནི་སི་ཁྲོན་གནའ་ལམ་དུ་སྐྱོད་པ་ལས་དཀའ་ངལ་ཆེ་བ་དང་། ལོ་ངོ་སྟོང་ཕྲག་མང་པོའི་རིང་དྲེལ་དང་ཁལ་མ་བསྐྱོད་པའི་ཤུལ་དུ་མ་གཏོགས་འགྲོ་ས་མེད། ད་ཆ། གཞུང་ལམ་དང་། མཁའ་འགྲུལ། ལྕགས་ལམ་བཅས་ལས་གྲུབ་པའི་ཕྱོགས་བསྡུས་འགྲིམ་འགྲུལ་མ་ལག་གིས་བོད་ཁྱིམ་ཁྲི་སྟོང་མང་པོ་འབྲེལ་ཡོད།
     གདང་ལ་བརྒལ་བ་དང་། འཕྲེད་རྒྱུག་རི་བོ་བརྒལ་བ། ཡར་ཀླུང་གཙང་པོ་སྒྲོལ་བ་བཅས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70ཡི་རིང“མཁའ་ལམ”མང་པོ་ཞིག་བོད་དུ་ཤར་གཏོང་ཐུབ་ནས“འཛམ་གླིང་ཡང་རྩེར”མགྱོགས་མྱུར་འབྱོར་གྱི་ཡོད།
     མི་དང་ཁལ་ཕྱུགས་ལ་བརྟེན་པ་ནས་ཕྱོགས་བསྡུས་འགྲིམ་འགྲུལ་བར།
     ཞི་བས་བཅིངས་འགྲོལ་མ་བཏང་གོང་། མཚོ་སྔོན་ཟི་ལིང་ངམ་སི་ཁྲོན་གཡག་རྔ་ནས་ལྷ་ས་བར་ཕར་ཚུར་འགྲོ་ཐེངས་གཅིག་བྱེད་པར་ལོ་ཕྱེད་ནས་ལོ་གཅིག་བར་འགོར་གྱི་ཡོད།
     བོད་ཀྱི་འཛུགས་སྐྲུན་ནི་འགྲིམ་འགྲུལ་ནས་འགོ་ཚུགས། ལོ་ངོ་70ཡི་རིང་། བོད་དུ་གཞུང་ལམ་དང་། ལྕགས་ལམ། མཁའ་འགྲུལ། སོགས་ཚུད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་བྱེད་སྟངས་སྣ་མང་གི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་རིམ་གྱིས་བསྐྲུན་ཡོད།
     —— གཞུང་ལམ་གྱི་ལམ་ཚད་མགྱོགས་མྱུར་རིང་དུ་སོང་ཞིང་། མིག་སྔར། བོད་ཀྱི་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ་དང་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་ཁྲི་11.88ཟིན་ནས་ཤང་དང་གྲོང་རྡལ་དང་སྒྲིག་ཚུད་གྲོང་ཚོར་ཤར་གཏོང་ཐུབ་ཚད་94%དང་74%སོ་སོར་ཟིན་གྱི་ཡོད། མྱུར་བགྲོད་དང་རིམ་པ་དང་པོའི་གཞུང་ལམ་གྱི་རླངས་འཁོར་ཤར་གཏོང་ཐུབ་པའི་ལམ་ཚད་སྤྱི་ལེ་700ཙམ་ཟིན་གྱི་ཡོད།
     —— ལྕགས་ལམ་འཛུགས་སྐྲུན་ལ་ཉིན་རེ་བཞིན་འགྱུར་ལྡོག་སྣ་ཚོགས་བྱུང་ཞིང་། ལམ་ཚད་ཧྲིལ་པོར་སྤྱི་ལེ་1956ཟིན་པའི་མཚོ་བོད་ལྕགས་ལམ་ཐོག་2006ལོའི་ཟླ་7ཚེས་1ཉིན་མེ་འཁོར་ཤར་གཏོང་ཐུབ་ནས་གཉེར་སྐྱོང་བྱེད་འགོ་ཚུགས་ཏེ་བོད་ལ་ལྕགས་ལམ་ཤར་གཏོང་མི་ཐུབ་པའི་ལོ་རྒྱུས་མཇུག་འགྲིལ་བ་རེད། འདི་ལོའི་ཟླ་6པར། ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་བསྐྲུན་ཟིན་ནས་མེ་འཁོར་ཤར་གཏོང་ཐུབ་ཅིང་། མིག་སྔའི་བར་ལྷ་ས་དང་། ནག་ཆུ། གཞིས་རྩེ། ཉིང་ཁྲི། ལྷོ་ཁ་བཅས་གྲོང་ཁྱེར་ལྔ་ལ་མེ་འཁོར་ཤར་གཏོང་ཐུབ་ཡོད་པ་རེད།
     ——“མཁའ་ལམ”དེ་བས་སྟབས་བདེ་རུ་སོང་ཞིང་། འདི་ལོའི་ཟླ་8ཚེས་7ཉིན། ལྷ་ས་གོང་དཀར་རྒྱལ་སྤྱིའི་གནམ་ཐང་གི་T3གནམ་ཐང་བབས་ཚུགས་བསྐྲུན་ཟིན་ནས་དངོས་སུ་སྤྱོད་འགོ་ཚུགས་པ་དེ་ནི་བོད་ཀྱི་གནམ་ཐང་བབས་ཚུགས་ཆེ་ཤོས་ཡིན་པ་རེད། ཆབ་མདོའི་སྤང་མདའ་དང་། ཉིང་ཁྲིའི་སྨན་གླིང་། གཞིས་རྩེའི་ཞི་བདེ།       མངའ་རིས་དགུན་ས་སོགས་ཡན་ལག་གནམ་ཐང་སྔ་རྗེས་སུ་བསྐྲུན་ཟིན་ནས་རྒྱལ་སྤྱི་དང་རྒྱལ་ནང་གི་མཁའ་ལམ་140ཟིན་པ་དང་གྲོང་ཁྱེར་66ལ་མཁའ་ལམ་ཤར་གཏོང་ཐུབ་ཡོད།
     གྲངས་གཞི་ལས་མངོན་པ་ནི་དུས་རབས་འཕེལ་རྒྱས་ཀྱི་འཕོ་འགྱུར་རེད་ལ་བོད་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཀྱི་མཚོན་ཚུལ་ཞིག་དེ་བས་ཀྱང་རེད།
     “མཁའ་ལམ”ཤར་བགྲོད་ལས་ཐོན་ལས་དར་རྒྱས་ལ་སྐུལ་འདེད་ཐེབས་པ།
     རྒྱལ་ལམ་219བརྒྱུད་ནུབ་ཏུ་བསྐྱོད་ན་མངའ་རིས་སྤུ་ཧྲེང་རྫོང་དུ་འབྱོར་ཞིང་། སྙན་པའི་གྲགས་པ་ཀུན་ལ་ཁྱབ་པའི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་ཡིད་དབང་རབ་ཏུ་འཕྲོག་པ་ཞིག་ཡོད་པ་དང་། ལ་གཤམ་གྱི་བར་ག་ཤང་གངས་ས་གྲོང་ཚོར་འཁྲུག་ཆ་ཧ་ཅང་དོད།
     ལམ་བུ་ཤར་གཏོང་ཐུབ་ན་ཡུལ་སྐོར་བ་མང་དུ་འགྲོ “ཉེ་བའི་ལོ་གསུམ་ནང་སྒེར་འཁོར་བཏང་ནས་ཡོང་མཁན་ལོ་རེ་བཞིན་མང་དུ་འགྲོ་ཡི་འདུག གྲོང་མི་ལ་ལས་ཁྱིམ་ཚང་མགྲོན་ཁང་གཉེར་བ་དང་། ལ་ལས་སྣེ་ཤན་པ་བྱས་ནས་གྲོང་ཚོ་ཡོངས་ཀྱི་གྲོང་མི་ཚང་མ་ལས་ཞུགས་ཐུབ་ཡོད”ཅེས་ལོ་46ལ་སླེབས་པའི་གངས་ས་གྲོང་ཚོའི་གྲོང་མི་བསྟན་པས་བཤད།
     གངས་ས་གྲོང་ཚོས་2018ལོའི་ལོ་མཇུག་ཏུ་མངའ་རིས་ཀྱི་གྲོང་གཉེར་ཁེ་ལས་ཐོག་མ་སྟེ། བོད་ལྗོངས་གངས་རིན་པོ་ཆེ་རི་སྐོར་ཡུལ་སྐོར་ཞབས་ཞུ་ཚད་ཡོད་འགན་འཁྲི་ཀུང་སི་ཐོ་འགོད་བྱས་ནས་བཙུགས་པར་ལོ་30ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་ཁལ་མ་སྐྱེལ་འདྲེན་རུ་ཁག་དེང་རབས་ཁེ་ལས་སུ་འཕེལ་རྒྱས་བཏང་ཡོད།
     “གྲོང་ཚོ་ཡོངས་སུ་ཁལ་མའི་སྐྱེལ་འདྲེན་རུ་ཁག་ལ་ཞུགས་པའི་མང་ཚོགས་དུད་ཚང་338དང་མི་1164བར་མང་དུ་སོང་བ་དང་། འབྲི་གཡག་མགོ་གྲངས་1164དང་རྟ་1164མ་རྐང་ནང་བཞག་ཡོད། དུད་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1.6ཡན་ཟིན་པ་དང་ཁྱིམ་ཚང་ཁ་ཤས་ལ་ལོ་རེར་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་ཟིན་གྱི་ཡོད”ཅེས་གངས་ས་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རྡོ་རྗེ་པད་མས་བརྗོད་ཅིང་། ཁོང་ཚོས་རི་ཆུའི་ཐོན་ཁུངས་སྲུང་བཞིན་འབྱོར་འབྲིང་སྔ་སྣུར་དུ་མངོན་འགྱུར་བྱུང་བ་དེ་ནི་ས་རྡོའི་ལམ་ནས་སྣུམ་ནག་ལམ་བར་གྱི་འགྱུར་ལྡོག་ལས་ཕན་པ་ཐོབ་པ་ཞིག་རེད་ཅེས་བརྗོད།
     ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་གྲངས་གཞི་ལས་མངོན་པར། ནག་ཆུ་ཟོག་འགྲེམས་ལྟེ་གནས་སུ་ལོ་རེར་དངོས་ཟོག་འབྱོར་བ་དང་བསྐུར་བའི་གྲངས་འབོར་2016ལོའི་ཏུན་ཁྲི་7.2ནས་2020ལོའི་ཏུན་ཁྲི་51.8བར་འཕར་ནས་འཕར་ཚད་619%ཟིན་གྱི་ཡོད།
     “དེ་སྔ་རླངས་འཁོར་གྱི་སྐྱེལ་འདྲེན་བདེ་འཇགས་མེད་ལ་དུས་ཐོག་ཏུའང་འབྱོར་གྱི་མེད། ད་ཆ་ལྕགས་ལམ་སྐྱེལ་འདྲེན་མགྱོགས་ལ་བདེ་འཇགས་ལྡན་པ་དང་སྐྱེལ་འདྲེན་བྱེད་ཚད་ཀྱང་མང་དུ་སོང་ཡོད”ཅེས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ནག་ཆུ་ཟོག་འགྲེམས་ལྟེ་གནས་སུ་ལས་ཀ་ལོ་10ལྷག་ཙམ་བྱས་པའི་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གྱི་འབྲོག་པ་འཇིགས་མེད་ཀྱིས་བཤད།
     དམངས་འཚོའི་བདེ་རྩ“ལམ”དང་ འགྲོགས་ནས་འགོ་ཚུགས།
     འགྲིམ་འགྲུལ་གྱིས་ཚེ་སྲོག་བསྲུངས། “དེ་སྔ་ས་རྡོའི་ལམ་རྐྱང་རྐྱང་ཡིན་པས་རྟ་བཞོན་པའམ་ཐེར་གེར་བསྡད་ནས་འགྲོ་དགོས། ནད་པ་ཁག་གཅིག་སྨན་ཁང་དུ་སྐྱེལ་བའི་ལམ་བར་དུ་གྲོངས་ཀྱི་ཡོད” འགྲིམ་འགྲུལ་འགྱུར་ལྡོག་གི་སྐོར་གླེང་སྐབས་རྣམ་གླིང་རྫོང་རྣམ་གླིང་གྲོང་རྡལ་ཆབ་འོག་གྲོང་ཚོའི་ལོ་42ལ་སླེབས་པའི་ཕུན་ཚོགས་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“ལོ་20ཡི་གོང་། སྤུན་མཆེད་ཀྱི་ཕྲུ་གུར་བརྒྱལ་གཟེར་ལངས་པ་དང་། ལམ་སྟབས་བདེ་མེད་པའི་རྐྱེན་གྱིས་སྨན་ཁང་དུ་མ་སླེབས་གོང་ནས་གྲོངས་སོང་། ད་ཆ་ཆུ་ཚོད་ཕྱེད་ཀར་གཞིས་རྩེ་གྲོང་ཁྱེར་དུ་འབྱོར་བས་ནད་གཞི་ལྟ་བར་འགོག་རྐྱེན་མེད”ཅེས་བཤད།
     འགྲིམ་འགྲུལ་གྱིས་ལས་ཞུགས་ཐུབ། ལྷ་ཉིང་ལྕགས་ལམ་ཤར་གཏོང་ཐུབ་པ་ལས་ལམ་རྒྱུད་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་པ་དང་འབྲེལ་ངལ་ནུས་ལྷག་མ་ལས་ཞུགས་གཞན་སྒྱུར་ལའང་སྐུལ་ཁྲིད་ཐུབ་ཡོད། ལྕགས་ལམ་ཤར་གཏོང་ཐུབ་པ་ལས་གྲུབ་པའི་ཉིང་ཁྲི་གྲོང་ཁྱེར་སྣང་རྫོང་ལྕགས་ལམ་ལམ་སྲུང་མཉམ་འགོག་རུ་ཁག་ཏུ་ས་གནས་དེ་གའི་མང་ཚོགས་80བསྡུས་ནས་ལས་ཞུགས་བརྟན་པོ་ཐུབ་ཡོད། “དེ་སྔ་ཡོང་འབབ་གཙོ་བོ་དབྱར་རྩྭ་དགུན་འབུ་འཐུ་བ་དང་གླ་པར་རྒྱུགས་ནས་གསོག་དགོས་ཀྱི་ཡོད། འདི་ལོ་ཡིག་ཚད་ལོན་ནས་ལམ་སྲུང་བར་གྱུར”“ཟླ་རེར་གླ་ཆ་སྒོར་སྟོང་ཕྲག་ཁ་ཤས་ཡོད་པ་མ་ཟད། ཁྱིམ་དང་ཐག་ཉེ་པོ་ཡོད་པས་ནང་མིར་ལྟ་རྟོག་བྱེད་ཐུབ་ཀྱི་འདུག”ཅེས་སྣང་རྫོང་གྲོང་མདའ་གྲོང་རྡལ་གྱི་ལོ་35སླེབས་པའི་ཕུར་པས་སྐྱིད་སྣང་ཆེན་པོས་བཤད།
     འགྲིམ་འགྲུལ་གྱིས་འཚོ་བ་སྟབས་བདེ་རུ་ཕྱིན། 2020ལོའི་ཟླ་11པར་ཇོ་མོ་གླང་མའི་འདབས་སུ་གནས་པའི་དིང་རི་རྫོང་བཀྲ་ཤིས་འཛོམས་ཤང་གི་མང་ཚོགས་ལ་མྱུར་སྐྱེལ་བསྐུར་མ་ཐེངས་དང་པོར་འབྱོར་བ་དང་། རྒྱལ་ཡོངས་སུ་གཞུང་ལམ་ཤར་གཏོང་ཐུབ་པའི་རྫོང་མཇུག་ཤོས་ཡིན་པའི་མེ་ཏོག་རྫོང་གྲོང་དུ་མོན་པ་རིགས་ཀྱི་གྲོང་མི་ལྷ་རྒྱལ་གྱིས་དྲ་ཐོག་ནས་ཉོས་པའི་འཁྱགས་སྒམ་ཁྱིམ་དུ་འབྱོར་བར་དགའ་ཚོར་ཆེན་པོ་སྐྱེས“འཁྱགས་སྒམ་ནི་ད་ཆ་ཅ་དངོས་དཀོན་པོ་ཞིག་མིན་ཡང་དེ་སྔ་དངོས་ཟོག་ཆེན་པོ་མེ་ཏོག་ཏུ་སྐྱེལ་གྱི་མེད། ད་ཆ་འགྲོ་ལམ་ཤར་གཏོང་ཐུབ་པས་གནས་ཚུལ་དེ་རིགས་མཐོང་རྒྱུ་མི་འདུག”ཅེས་ཁོང་གིས་བཤད།
     བོད་རང་སྐྱོང་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་ཟླ་བ་ཚེ་རིང་གིས་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་གི་འགྲིམ་འགྲུལ་ནི་མིས་སྒལ་པར་འཁུར་བ་དང་ཕྱུགས་རིགས་ལ་ཁལ་འགེལ་བའི་གདོད་མའི་རྣམ་པར་གནས་ཡོད་པས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འགོག་རྐྱེན་ཚབས་ཆེན་བཟོས་ཡོད། ད་ཆ་ཉིན་གཅིག་ལ་སྤྱི་ལེ་སྟོང་ཕྲག་ཏུ་བསྐྱོད་ཐུབ་པའི་དེང་རབས་འགྲིམ་འགྲུལ་ལས་མི་སེར་གྱི་ཐོན་སྐྱེད་དང་འཚོ་བའི་ཕྱོགས་ཁག་ལ་ཕན་པ་སྐྲུན་བཞིན་ཡོད་ཅེས་བཤད།