འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་20ཉིན།

༄༅།།བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་
མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། 
ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་20ཉིན། 12:45】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
     མི་དམངས་དྲ་བའི་འཕྲིན། ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་། བོད་རང་སྐྱོང་ལྗོངས་སྲིད་གྲོས། བོད་དམག་ཁུལ་ཁང་བཅས་ལ།
     ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་བ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་སྐྱོད་འགོ་ཚུགས་པ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་སྐྱོད་པ་བཅས་ཀྱི་མཚམས་འདིར། ང་ཚོས་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་བསུ་བ་ཞུས་ཡོད། ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་དང་། ལས་རིགས་ཁག་གི་མི་སྣ། བོད་སྡོད་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། དྲག་ཆས་ཉེན་རྟོག་དཔུང་སྡེའི་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། མེ་ཟོན་རོགས་སྐྱོབ་རུ་ཁག་གི་བཀོད་འཐབ་པ་བཅས་དང་། དེ་བཞིན་བོད་ལྗོངས་འཛུགས་སྐྲུན་ལ་ཞུགས་མཁན་དང་རོགས་སྐྱོར་གནང་མཁན་དང་བོད་ལྗོངས་གོང་འཕེལ་ཡར་ཐོན་ཡོང་བར་ཐུགས་ཁུར་དང་རོགས་རམ་གནང་མཁན་གྱི་བློ་མཐུན་དང་གྲོགས་པོ་རྣམ་པར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་དང་སྦྲགས་མཛའ་བརྩེའི་འཚམས་འདྲི་ཞུ་རྒྱུ་ཡིན།
     ལོ་ངོ་70ཡི་སྔོན་དུ་བོད་ཞི་བས་བཅིངས་འགྲོལ་བཏང་བ་ནི་བོད་ཀྱི་ལོ་རྒྱུས་ཐོག་དུས་རབས་གསར་འབྱེད་ཀྱི་དོན་སྙིང་ལྡན་པའི་ཁ་ཕྱོགས་འགྱུར་མཚམས་ཤིག་ཡིན་ཏེ། བཙན་རྒྱལ་རིང་ལུགས་ཀྱི་སྟོབས་ཤུགས་མཐར་སྐྲོད་མཐའ་གཅིག་ཏུ་བཏང་བ་དང་། ཁ་ཕྲལ་ཕྱོགས་གཏོགས་སྣ་ཚོགས་ལ་རྡུང་རྡེག་དྲག་པོ་བཏང་བ། ཀྲུང་གོའི་མི་དམངས་བཅིངས་འགྲོལ་གཏོང་བའི་བྱ་གཞག་ལ་སྐུལ་སྤེལ་ཤུགས་ཆེན་བཏང་བ། རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱས་པ། རྒྱལ་ཁབ་གོང་བུ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོབ་བྱས་པ་མ་ཟད། ཞིང་བྲན་ཁྲི་ཚོ་བརྒྱར་ཡར་ལངས་བཅིངས་འགྲོལ་གཏོང་བའི་ལམ་བུ་ཞིག་བཏོད་པ་དང་། བོད་ལྗོངས་དར་རྒྱས་ཡར་ཐོན་ཡོང་བའི་འོད་སྟོང་འཕྲོ་བའི་མདུན་ལམ་བཏོད་ཡོད། དུས་དེ་ནས་བཟུང་བོད་ཀྱི་མི་དམངས་རྣམས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་ནང་མཐུན་སྒྲིལ་དང་། ཡར་ཐོན། གོང་འཕེལ་བཅས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་འགྲོ་ལམ་ཐོག་བསྐྱོད་ཡོད།
     ལོ་ངོ་70ཡི་རིང་། བོད་དུ་ལམ་ལུགས་རྙིང་པ་གཏོར་ནས་སྲིད་དབང་གསར་པ་བཙུགས་ཤིང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལག་ལེན་བསྟར་བ་དང་། ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། (པར་ངོས་བཞི་པར་གཟིགས)
     བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས།
     ཀྲུང་དབྱང་དམག་ཨུད་བཅས་ཀྱི་རྟེན་འབྲེལ་གློག་འཕྲིན།
     སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་དང་སྒྱུར་བཅོས་སྒོ་དབྱེ་ལ་སྐུལ་སྤེལ་གཏིང་ཟབ་བཏང་བ། སྤྱི་ཚོགས་ལམ་ལུགས་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་བྱུང་བ། དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་ཡོངས་ནས་གོང་འཕེལ་བྱུང་བ། མི་དམངས་ཀྱི་འཚོ་བ་ཇེ་ལེགས་སུ་སོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་སྔོན་ཆད་ལས་བཟང་བ། དེ་བཞིན་མུན་ནག་ནས་འོད་ཟེར་གྱི་ཕྱོགས་སུ་བསྐྱོད་པ་དང་། རྗེས་ལུས་ནས་ཡར་རྒྱས་ཀྱི་ཕྱོགས་སུ་བསྐྱོད་པ། དབུལ་ཕོངས་ནས་འབྱོར་ཕྱུག་གི་ཕྱོགས་སུ་བསྐྱོད་པ། སྒེར་གཅོད་ནས་དམངས་གཙོའི་ཕྱོགས་སུ་བསྐྱོད་པ། བཀག་སྡོམ་ནས་སྒོ་དབྱེའི་ཕྱོགས་སུ་བསྐྱོད་པ་བཅས་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་ཡོད། བོད་ལ་གོང་འཕེལ་དང་ཡར་ཐོན་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་དེས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་ངོ་བརྒྱའི་འོད་སྟོང་འབར་བའི་ལོ་རྒྱུས་ཀྱི་ལམ་བུ་དང་རླབས་ཆེའི་གྲུབ་འབྲས་ལ་གསོན་ཉམས་ལྡན་པའི་ལེའུ་ཞིག་བརྩམས་ཐུབ་ཡོད།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། རྒྱལ་ཡོངས་མི་དམངས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་མཐུན་སྒྲིལ་འབད་འཐབ་དང་ཞུམ་མེད་འབད་འབུངས་ཀྱིས་ཡུན་རིང་ཐག་གཅོད་བྱེད་བསམ་ཀྱང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་དག་ཅིག་ཐག་གཅོད་བྱས་པ་དང་། སྔོན་ཆད་སྒྲུབ་འདོད་ཀྱང་འགྲུབ་མ་ཐུབ་པའི་དོན་ཆེན་མང་པོ་ཞིག་བསྒྲུབས་ཡོད། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་སྟེ་དབུལ་པོ་དབུལ་རྐྱང་མཐའ་གཅིག་ཏུ་མེད་པ་བཟོས་ཏེ་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་ཅིང་། བྱ་གཞག་ཁག་ལ་ཕྱོགས་ཡོངས་ནས་ཡར་རྒྱས་བྱུང་བ་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། མིག་སྔར་བོད་ཀྱི་སྤྱི་ཚོགས་ཡོངས་ཞི་མཐུན་བརྟན་ལྷིང་ཡིན་པ་དང་། གོང་འཕེལ་གྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་སོང་བ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་ཕྱིན་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཉིན་རེ་བཞིན་བརྟན་དུ་སོང་བ། མི་རིགས་ཞི་མཐུན་དང་ཆོས་ལུགས་ལམ་ལྷོངས་ཡིན་པ། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡིན་པ། ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་བཞིན་ཡོད་པ་སོགས་ཀྱི་ཐོག་ནས་སྤྱི་ཚོགས་རིང་ལུགས་བོད་ལྗོངས་གསར་པར་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བ་མངོན།
     ལོ་ངོ་70ཡི་རིང་། བོད་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འཕོ་འགྱུར་ཆེན་པོ་བྱུང་བ་ལས། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ་བོད་ལྗོངས་གསར་པའང་མེད་པ་དང་། བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་ནི་རྦད་དེ་ཡང་དག་པ་ཡིན་པ་ར་སྤྲོད་གང་ལེགས་ཐུབ་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་མཐའ་འཁྱོངས་བཅས་བྱས་ན་བོད་ལྗོངས་དར་རྒྱས་གོང་འཕེལ་ཡོང་ཐུབ་པ་མ་ཟད། བོད་ཀྱི་འབྱུང་འགྱུར་དེ་བས་མཛེས་སྡུག་ལྡན་པ་ཞིག་ཀྱང་གཏོད་ཐུབ་ངེས་རེད།
     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཚོས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་འགྲུབ་པར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཉེ་ལམ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་དང་རྟོག་ཞིབ་གནང་བར་ཕེབས་སྐབས་བོད་ཀྱི་ལས་དོན་ཁག་ལ་ཐོབ་པའི་གྲུབ་འབྲས་ཁས་ལེན་གང་ལེགས་གནང་བ་མ་ཟད། བོད་ལྗོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བར་བླང་བྱ་གསར་པའང་བཏོན་གནང་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་ཏང་ཀྲུང་དབྱང་གི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག བོད་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཤིང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “རྒྱལ་ཁབ་ཀྱི་དོན་ཆེན”ཡིད་ལ་བརྟན་པོར་འཆང་བ་བཅས་བྱས་ཏེ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་གྱི་དགོངས་པ་མཐའ་འཁྱོངས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། གོང་འཕེལ་གཏོང་མཚམས་གསར་པར་གཞི་ཚུགས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་ཞིང་ཡང་དག་ལ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། གོང་འཕེལ་གཏོང་ཕྱོགས་གསར་པར་ཞབས་ཞུ་དང་མཉམ་འདྲེས་ཐུབ་པ་བཅས་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ། དམངས་འཚོར་འགན་སྲུང་དང་ལེགས་བཅོས་བྱེད་པ། ས་གོ་ལའི་གླིང་སྣེ་གསུམ་པར་སྲུང་སྐྱོབ་ཡག་པོ་བྱེད་པ། མཐའ་མཚམས་ས་ཁུལ་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཏང་གི་རྩ་འཛུགས་དང་སྲིད་དབང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཐོག བརྟན་ལྷིང་དང་། གོང་འཕེལ། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞིར་དམ་འཛིན་ཏན་ཏིག་བྱས་ནས་རྒྱལ་ཁབ་བདེ་འཇགས་དང་ཡུན་རིང་བདེ་འཁོད་ཡོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་བཟང་བ། མཐའ་མཚམས་སྲ་བརྟན་དང་མཐའ་ཁུལ་བདེ་འཇགས་ཡོང་བ་བཅས་བྱས་ནས་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་ཆེད་དེ་བས་ཆེ་བའི་ལེགས་སྐྱེས་གསར་པ་འབུལ་དགོས།
     བོད་སྡོད་མི་དམངས་བཅིངས་འགྲོལ་དམག་དང་། དྲག་ཆས་ཉེན་རྟོག་དཔུང་སྡེ། སྲིད་ཁྲིམས་རུ་ཁག་བཅས་ནི་མེས་རྒྱལ་མཐའ་མཚམས་སྲུང་སྐྱོང་དང་། རྒྱལ་ཁབ་བདེ་འཇགས་སྲུང་སྐྱོང་། བོད་ཀྱི་ཡུན་རིང་བདེ་འཁོད་ལ་སྐུལ་སྤེལ་གཏོང་བ་བཅས་བྱེད་མཁན་གྱི་སྲ་ཞིང་བརྟན་པའི་རྐང་འཛིན་ཞིག་ཡིན་པས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་དང་། དམག་སྦྱོང་དམག་གྲབས་ལ་ཤུགས་སྣོན་བརྒྱབ་ཅིང་འགན་འཁྲི་དང་ལས་འགན་སྒྲུབ་པ། ཏང་དང་མི་དམངས་ཀྱི་ལྷག་བསམ་དག་པའི་སྲུང་དམག་ཡག་པོ་ཞིག་བྱེད་པ། དམག་སྲིད་དང་། དམག་དམངས། ཉེན་རྟོག་མི་དམངས་བཅས་དབར་གྱི་མཐུན་སྒྲིལ་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་མཐའ་མཚམས་སྲ་བརྟན་དང་། མི་རིགས་མཐུན་སྒྲིལ། དཔལ་འབྱོར་གོང་འཕེལ། སྤྱི་ཚོགས་ཞི་མཐུན་བཅས་ཡོང་བར་བྱས་རྗེས་གསར་པ་བསྐྱར་དུ་འཇོག་དགོས།
     ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱས་ཏེ། དད་སེམས་བརྟན་པོས་འབད་འབུངས་ཡར་བརྩོན་དང་། མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་ཞུམ་མེད་འབད་འཐབ་ཀྱིས་གངས་ལྗོངས་ས་མཐོར་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་གོང་འཕེལ་ཡོང་བའི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས།
     བོད་རང་སྐྱོང་ལྗོངས་དར་རྒྱས་ཕུན་སུམ་ཚོགས་པོ་ཡོང་བའི་སྨོན་འདུན་ཞུ།
     བོད་ཀྱི་མི་རིགས་ཁག་གི་མི་དམངས་བདེ་སྐྱིད་ཁམས་བཟང་ཡོང་བའི་སྨོན་འདུན་ཞུ།
     རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་མཐུན་སྒྲིལ་ཆེན་པོ་ཁྲི་ལོར་བརྟན་པར་ཤོག
     ཀྲུང་གུང་ཀྲུང་དབྱང་།
     རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།
     རྒྱལ་སྲིད་སྤྱི་ཁྱབ་ཁང་།
     རྒྱལ་ཡོངས་སྲིད་གྲོས།
     ཀྲུང་དབྱང་དམག་ཨུད་བཅས་ཀྱིས།
     2021ལོའི་ཟླ་8ཚེས་19ཉིན།