འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་18ཉིན།

༄༅།།ཐ་ལི་པན་གྱིས་ཁོང་ཡངས་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྩིས་ཡོད་ཟེར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་18ཉིན། 16:06】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
༄༅།།ཐ་ལི་པན་གྱིས་ཁོང་ཡངས་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྩིས་ཡོད་ཟེར།
     མི་དམངས་དྲ་བའི་འཕྲིན། ཞིན་ཧྭ་གསར་འགྱུར་ཁང་ཁ་པུར་ནས་ཟླ་8ཚེས་17ཉིན་གློག་འཕྲིན་འབྱོར་གསལ། ཚེས་17ཉིན། ཨ་ཧྥུ་ཀ་ནི་སི་ཐན་ཐ་ལི་པན་གྱི་མགྲིན་ཚབ་པ་མུའུ་ཅ་ཞི་ཏེ་ཡིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་རྒྱལ་ས་ཁ་པུར་དུ་བཤད་རྒྱུར། ཨ་ཧྥུ་ཀ་ནི་སི་ཐན་གྱིས་ཁོང་ཡངས་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྩིས་ཡོད་ཟེར། 
     མུའུ་ཅ་ཞི་ཏེ་ཡིས་ཐ་ལི་པན་ཁ་པུར་ལ་སླེབས་རྗེས་ཐེངས་དང་པོར་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་བཤད་རྒྱུར། ཨ་ཧྥུ་ཀ་ནི་སི་ཐན་ལ་དབྱི་སི་ལན་གྱི་སྲིད་གཞུང་སྟོབས་ཆེན་ཞིག་ཡོད་རྒྱུ་དང་མིག་སྔར་སྲིད་གཞུང་གསར་པའི་མིང་དང་གྲུབ་ཆར་གྲོས་བསྡུར་བྱེད་བཞིན་ཡོད། ཐ་ལི་པན་གྱིས་ཕྱོགས་ཁག་སོ་སོར་འབྲེལ་བ་བཟང་པོ་རྒྱུན་འཁྱོངས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་དང་རྒྱལ་ཁབ་དར་རྒྱས་ཡོང་རེ་བྱེད་ཀྱི་ཡོད། ཐ་ལི་པན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གི་ལས་དོན་མི་སྣ་དང་བདེ་འཇགས་དཔུང་སྡེའི་ཁོངས་མི་ཡོངས་ལ་བཙོན་གྲོལ་གཏོང་རྒྱུ་དང་ལས་མི་སུ་གང་ཞིག་ལའང་འཁོན་ལན་སློག་མི་སྲིད་པ་ཁས་བླངས་ཡོད། 
     མུའུ་ཅ་ཞི་ཏེས་བཤད་རྒྱུར། ཁ་པུར་གྱི་དུས་བབ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུ་རེད། ཐ་ལི་པན་གྱིས་ཨ་ཧྥུ་ཀ་ནི་སི་ཐན་དུ་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཆེན་མོ་ཁང་གི་བདེ་འཇགས་འགན་ལེན་བྱས་ནས་རྒྱལ་ཁབ་ཁག་དང་མུ་མཐུད་འགྲོ་འོང་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཨ་ཧྥུ་ཀ་ནི་སི་ཐན་ནི་ཉལ་ཐ་འདེབས་འཛུགས་དང་དུག་རྫས་ཉོ་ཚོང་གི་ལྟེ་གནས་ཤིག་མིན་པར་རྒྱལ་ཁབ་དེ་གའི་རང་བྱུང་ཐོན་ཁུངས་སྤྱད་དེ་བསྐྱར་སྐྲུན་བྱ་རྒྱུ་དང་། བུད་མེད་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ། ཐ་ལི་པན་གྱིས་བུད་མེད་ལ་ལས་ཀ་དང་སློབ་སྦྱོང་བྱེད་དུ་འཇུག་རྒྱུ་དང་འབྲེལ་དབྱི་སི་ལན་ཆོས་ལུགས་ཀྱི་རྩ་དོན་ཁྱབ་ཁོངས་ནང་གི་དབང་ཆ་ཡོད་ཚད་ལོངས་སུ་སྤྱོད་དུ་འཇུག་རྒྱུ་ཡིན། 
     མུའུ་ཅ་ཞི་ཏེས་བཤད་རྒྱུར། ལོ་20ཡི་འཐབ་རྩོད་བརྒྱུད་ཐ་ལི་པན་གྱིས་ཕྱི་རྒྱལ་གྱིས་ཨ་ཧྥུ་ཀ་ནི་སི་ཐན་བཙན་བཟུང་བྱས་པའི་གནས་ཚུལ་བདེ་བླག་ངང་མཇུག་བསྒྲིལ། ཨ་ཧྥུ་ཀ་ནི་སི་ཐན་ལ་མི་དམངས་ཀྱི་རིན་ཐང་ལྟ་བ་དང་མཐུན་པའི་བཅོས་སྐྱོང་བྱེད་སྟངས་ལག་བསྟར་བྱེད་དབང་ཡོད་པ་མ་ཟད། རྒྱལ་ཁབ་གཞན་དག་གི་བརྩི་འཇོག་ཀྱང་ཐོབ་དགོས། དེ་དང་ཆབས་ཅིག ཐ་ལི་པན་གྱིས་འཛམ་གླིང་ཡོངས་ལ་མི་སུ་འདྲ་ཞིག་གིས་ཀྱང་ཨ་ཧྥུ་ཀ་ནི་སི་ཐན་གྱི་མངའ་ཁོངས་སྤྱད་ནས་རྒྱལ་ཁབ་གཞན་ལ་འཇིགས་སྐུལ་གཏན་ནས་བཏང་མི་ཆོག་ཅེས་ཁས་ལེན་བྱས་ཡོད། 
     ཉིན་དེར། ཁ་ཐར་དུ་བཅའ་སྡོད་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཐ་ལི་པན་ཆབ་སྲིད་དོན་གཅོད་ཁང་གི་མགྲིན་ཚབ་པ་མོ་ཧན་མོ་ཏེ·ན་དབྱི་མུའུ་ཡིས་སྤྱི་ཚོགས་འབྲེལ་བའི་སྨྱན་སྦྱོར་ཐོག་བཤད་རྒྱུར། ཐ་ལི་པན་གྱི་ཆབ་སྲིད་ཨུ་ལྷན་གྱི་འགན་འཁུར་བ་དང་ཏོ་ཧ་རུ་བཅའ་སྡོད་ཐ་ལི་པན་གྱི་ཆབ་སྲིད་ལས་དོན་ཁྲུའི་ཀྲུའུ་རེན་ཨ་པུའུ་ཏུའུ་ལེ·ཅ་ཉི·པ་ལ་ཏའར་ཉིན་དེར་ཏོ་ཧ་དང་ཁ་བྲལ་བ་དང་ཨ་ཧྥུ་ཀ་ནི་སི་ཐན་ཁན་ཏ་ཧ་རུ་འབྱོར་ཡོད།
     ཁ་ཐར་ཕྱི་འབྲེལ་པུའི་དྲ་ཚིགས་ཐོག་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལ་གཞིགས་ན། ཚེས་17ཉིན། ཁ་ཐར་གྱི་དབུ་བཞུགས་བློན་ཆེན་གཞོན་པ་དང་ཕྱི་འབྲེལ་བློན་ཆེན་གཅིག་ལྕོགས་མུའུ་ཧན་མོ་ཏེས་ཏོ་ཧ་རུ་པ་ལ་ཏར་གྱིས་གཙོས་པའི་ཐ་ལི་པན་གྱི་འཐུས་མི་ཚོགས་པའི་ཁོངས་མིར་ཐུག་འཕྲད་བྱས་པ་རེད། ཕྱོགས་གཉིས་པོས་ཨ་ཧྥུ་ཀ་ནི་སི་ཐན་དུ་ཁྱོན་ཡོངས་ནས་ཆབ་སྲིད་ཀྱི་འདུམ་འགྲིག་དང་དབང་ཆ་ཞི་བདེའི་ངང་བར་བརྒལ་ཡོང་ཆེད་འབད་བརྩོན་བྱ་རྒྱུའི་མོས་མཐུན་གནང་བ་རེད།  
     ཚེས་15ཉིན། ཨ་ཧྥུ་ཀ་ནི་སི་ཐན་གྱི་ཙུང་ཐུང་ཅ་ཉིས་ཨ་ཧྥུ་ཀ་ནི་སི་ཐན་དང་ཁ་བྲལ་ཟིན་པ་དང་བྱེད་སྟངས་དེ་ནི་ཁྲག་དོན་གདོང་ཐུག་མི་ཡོང་བའི་ཆེད་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཉིན་དེར་ན་དབྱི་མུའུ་ཡིས་ཐ་ལི་པན་གྱི་དྲག་ཆས་མི་སྣ་ཁ་པུར་དུ་སླེབས་པ་དང་འབྲེལ་ཚོད་འཛིན་ཡང་བྱས་པ་དང་། “ཨ་ཧྥུ་ཀ་ནི་སི་ཐན་གྱི་དམག་འཁྲུག་མཇུག་བསྒྲིལ་”ཞེས་ཁྱབ་བསྒྲགས་བྱས་པ་རེད། 
༄༅།།ཐ་ལི་པན་གྱིས་ཁོང་ཡངས་ཅན་གྱི་སྲིད་གཞུང་ཞིག་འཛུགས་རྩིས་ཡོད་ཟེར།