འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་18ཉིན།

༄༅།།སྐྱེ་ཁམས་སྲུང་སྐྱོང་། ས་མཐོ་སྔོ་འགྱུར།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་18ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

 
༄༅།།སྐྱེ་ཁམས་སྲུང་སྐྱོང་། ས་མཐོ་སྔོ་འགྱུར།
    འདི་ག་ཚགས་པར་གྱི་གསར་འགོད་པ། ཅང་ཧྥུང་དང་ཆུང་བདག་སྒྲོལ་དཀར།
    བོད་ཀྱི་ས་ཕྱོགས་གང་སར་སྔོ་ལྗང་རི་ཆུས་བརྒྱན།
   དེ་གའི་རི་ཆུ་ནགས་ཞིང་དང་། མཚོ་མཚེའུ། རྩྭ། བྱེ་ཐང་། འཁྱགས་རོམ་བཅས་སྐྱེ་ཁམས་ཀྱི་གཞི་རྒྱུ་ཚང་མ་ལྟ་ན་སྡུག་པ་ཞིག་ཡོད།
    ཆེས་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ལ་སྲུང་སྐྱོང་ནན་པོ་བྱེད་དགོས་པ་ཧ་ཅང་གལ་ཆེ།
   འདི་ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕན་འབྲས་བསྐལ་བརྒྱར་ཐོན་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་གསུངས་ཡོད།
    རྒྱལ་ཁབ་ཀྱིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ལམ་ལུགས་གསར་གཏོད་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ཚན་རྩལ་རིག་གནས་ཀྱི་འདེགས་སྐྱོར་བརྟན་དུ་གཏོང་བ། སྐྱེ་ཁམས་འཛུགས་སྐྱོང་ལ་མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དང་རང་བྱུང་ཁམས་ཀྱི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་བཏང་ཡོད།
    མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་ཀྲུང་ཧྭ་མི་རིགས་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་ཆེ་ཤོས་ཕུལ་བ་ཞིག་ཡིན་པའི་མཐོ་ཚད་ཐོག་ནས་བོད་ཀྱིས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ། མཚོ་བོད་ས་མཐོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་པ་བཅས་བྱས་ཏེ་སའི་གོ་ལའི་སྣེ་གསུམ་པའི་སྐྱེ་ཁམས་སྲུང་སྐྱོང་ཏན་ཏིག་བྱས་ཡོད་པ་རེད།
    མིག་སྔར། བོད་ཀྱི་སྐྱེ་ཁམས་མ་ལག་སྤྱི་ཡོངས་བརྟན་པོ་ཡོད་པ་དང་། ཁོར་ཡུག་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་པ། ལྗང་མདོག་འཕེལ་རྒྱས་ཀྱི་རྣམ་པ་རགས་ཙམ་ཆགས་པ། མི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁེ་དབང་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ། “སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་ལ་གངས་འཁྱགས་ཀྱིས་བསྡམས་པའི་ས་གཞི་ཡང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ནས་བོད་འདི་ཉིད་འཛམ་གླིང་ཐོག་གི་སྐྱེ་ཁམས་ཁོར་ཡུག་ཡག་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཏུ་གྱུར་ཡོད།
    ལྗང་མདོག་ཡག་པོ་སྲུང་བ།
    ཉིང་ཁྲི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་།
     དལ་བུར་རྒྱུག་པའི་ཉང་ཆུ་དང་ལང་ལོང་དུ་རྒྱུག་པའི་ཡར་ཀླུང་གཙང་པོ་མཉམ་དུ་འདྲེས་ནས་ཤར་ཕྱོགས་སུ་རྒྱུག
    ས་གནས་དེ་གའི་ཀླུ་སྟེང་གྲོང་ཚོ་ནས་ཡིན་པའི་བོད་རིགས་གྲོང་མི་པད་མ་མཆོག་གིས་སྲོག་ཆགས་ཀྱི་འགྲོ་སྡོད་དང་སྔོ་ཁེབས་ཀྱི་གནས་ཚུལ་པར་དུ་བླངས་ནས་ཁྲིམས་འགལ་ངང་ལྐོག་འཛིན་དང་སྒྲིག་འགལ་ངང་བྱེ་མ་སྔོག་འདོན་སྔོན་འགོག་བྱེད་བཞིན་ཡོད། ལོ་54ལ་སླེབས་པའི་ཁོང་ནི་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་གི་བདག་སྐྱོང་བ་70ཡི་གྲས་ཤིག་ཡིན་པ་དང་ཤང་གཞན་ནས་ཀླུ་སྟེང་གྲོང་ཚོར་མནའ་མར་ཡོང་ནས་ལོ་30ཏག་ཏག་སོང་ཡོད། གནའ་དེང་གི་ཁོར་ཡུག་འགྱུར་ལྡོག་ཐད་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། མདོར་བསྡུས་ནས་བཤད་ན་ཉིན་གསར་ཟླ་འགྱུར་གྱི་འཕོ་འགྱུར་བྱུང་ཡོད།
    ལོ་30ཡི་གོང་གི་སྟོན་དུས་ཤིག་ལ་པད་མ་མཆོག་གིས་ཞིང་ནང་དུ་ནས་བརྔ་བསྡུ་བྱེད་སྐབས་ནས་ཞིང་ཉང་ཆུའི་འགྲམ་དུ་གནས་པས་སྐྲའི་སེང་དང་སྣ་ཁུང་ནང་བྱེ་རྡུལ་གྱིས་ཁེངས་ཀྱི་ཡོད་ཅེས་བརྗོད།
    དེ་སྔའི་ཉང་ཆུའི་ལུང་གཞུང་དུ་ཆར་དུས་ཡོལ་རྗེས་ཆུ་ཁ་དམའ་རུ་ཕྱིན་ནས་ཆུ་ལམ་དུ་བྱེ་ས་རླུང་གིས་འཁྱེར་བ་དང་། བྱེ་མ་སྔོག་འདོན་བྱེད་མཁན་མང་བས་ཁོར་ཡུག་ཇེ་སྡུག་ཏུ་འགྲོ་ཡི་ཡོད་པ་རེད།
     གངས་ལྗོངས་ས་མཐོའི་རྩྭ་རྩི་ཤིང་ཚུན་ཆད་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད་ཉེ་བའི་ལོ་ཤས་རིང་བོད་ཀྱིས་ས་ཆུ་ཤོར་བར་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བས་གཙང་པོ་དང་མཚེའུ་ཡི“ཟང་ཟིང་བཞི་གཙང་སེལ”རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་གྱུར་ཡོད། དེ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་རྫོང(ཆུས)74ཡི་སྲིད་གཞུང་ལ་ཁོར་ཡུག་སྲུང་སྐྱོང་གི་དཔྱད་ཞིབ་བྱས་ནས“སྤ་སེ་གཅིག་གིས་ཁྲུ་སློག་པའི”ལམ་ལུགས་དོན་འཁྱོལ་ནན་པོ་བྱས་པ་རེད།
    “2016ལོར་འདམ་རའི་སྤྱི་གླིང་དངོས་སུ་བཙུགས་ཚུན་ཉང་ཆུའི་ངོགས་གཉིས་སུ་བྱེ་རྡོ་སྔོག་འདོན་བྱེད་མཁན་འཕྲུལ་འཁོར་གྱི་སྒྲ་ཐོས་རྒྱུ་མེད”ཅེས་ཡར་ཉང་རྒྱལ་ཁབ་འདམ་རའི་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཚེ་རིང་སྒྲོལ་མས་བརྗོད།
    སྐྱེ་ཁམས་སྲུང་སྐྱོང་བྱེད་པར་ལམ་ལུགས་ཀྱིས་གཡས་གཞོགས་གཡོན་འདེགས་བྱེད་དགོས། བོད་ཀྱིས《བོད་རང་སྐྱོང་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྲོལ་ཡིག》སོགས་ཁྲིམས་སྲོལ་དང་སྒྲིག་སྲོལ་ཁག་60ལྷག་ཙམ་བཀྲམ་ནས་ལག་བསྟར་བྱས་ཏེ《རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གལ་ཆེན་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》དང་། 《མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་བསམ་འཆར》 《བོད་རང་སྐྱོང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དཔྱད་ཞིབ་བྱ་ཐབས》སོགས་བཟོས་ཡོད། འདི་ལོའི་ཟླ་དང་པོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཐོག《རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་བསྐྲུན་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་ཡིག》ལ་གྲོས་འཆམ་བྱུང་བ་དེ་ནི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་བོད་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཁྲིམས་སྲོལ་ཐོག་མ་དེ་རེད།
    ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ལྟེ་བའི་ཁུལ་དེ་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱུ་མིན་ཞིང་། བྱང་ཐང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཁྲིམས་འགལ་ངང་ཡོང་རྒྱུ་གཏན་འགོག་བྱས་པ་དང་། ཕུ་རོག་གངས་རིའི་འཁྱགས་རོམ་གྱི་ཡུལ་སྐོར་བྱེད་མཚམས་བཞག་པ་དེ་མཛེས་སྡུག་ལྡན་པའི་མཛེས་ལྗོངས་གསོར་ཉར་བྱེད་པ་ཞིག་ཡིན་པ་དང་བྱེད་ཐབས་དེ་དག་ལས་བུ་རབ་ཚ་རྒྱུད་ལ་ཐོན་ཁུངས་འཇོག་ཆེད་ཡིན་པས་རེད།
    2020ལོ་བར་བོད་ཀྱིས་སྐྱེ་ཁམས་ཁོར་ཡུག་ཁྱབ་ཁོངས་ལ་མ་དངུལ་སྒོར་དུང་ཕྱུར་814བཏང་ཞིང་། ད་ཆ་བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་གྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་38.75%བཟུང་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་60.8ཟིན་ནས་ལྗོངས་ཡོངས་ཀྱི་ས་ཁོངས་ཕྱེད་ཀ་ཙམ་སྲུང་སྐྱོང་ཁྱབ་ཁོངས་ནན་ཤོས་ནང་བཅུག་ཡོད། 
    རང་བྱུང་རྩྭ་ཐང་གི་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད་47%བར་ཆེ་རུ་ཕྱིན་པ་དང་། འདམ་རའི་རྒྱ་ཁྱོན་སྤྱི་ཆིང་ཁྲི་652.9ཟིན་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐུབ་པ། གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་སྤྱིར་ན་ལེགས་པ་བཅས་བྱུང་ནས་འདས་ཟིན་པའི་ལོ་གཅིག་རིང་བོད་ཀྱི་མཁའ་རླུང་ལེགས་པའི་ཉིན་གྲངས་99.4%བཟུང་ཡོད།
    ལྗང་མདོག་མང་དུ་བཏང་བ།
    མངའ་རིས་སྒར་ལུང་གཞུང་།
    ལོ་ཤས་གོང་། ཆུ་ཡུར་གྱི་གཙོ་གནད་ལས་གྲྭ་ཞིག་ལས་མཚམས་འཇོག་དགོས་འཁེལ་ནས་ལས་ཡུན་རིང་དུ་སོང་བ་དང་མ་གནས་མཐོ་རུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་ནི་ལོ་ངོ་བརྒྱའི་ལོ་རྒྱུས་ལྡན་པའི་རི་སྐྱེས་འོམ་བུའི་ཚལ་གྱི་སྡོང་རྐང་1500ལྷག་ཙམ་ལ་སྲུང་སྐྱོང་བྱ་ཆེད་རེད།
    མངའ་རིས་ཀྱི་མི་རྣམས་ཀྱིས་ལྗོན་ཤིང་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་ཀྱི་ཡོད། དེ་གར“འཛམ་གླིང་ཡང་རྩེའི་ཡང་རྩེ”ཞེས་འབོད་ཅིང་གསོ་རླུང་དཀོན་པ་དང་། གྲང་ངར་ཆེ་ལ་སྐམ་ཤས་ཆེ་བ། སྔོ་ཁེབས་དཀོན་པོ་ཡོད། ལྗོན་ཤིང་བཙུགས་ནས་སྔོ་ལྗང་ཅན་དུ་འགྱུར་བ་བྱ་རྒྱུ་ནི་ལས་སླ་བའི་བྱ་བ་ཞིག་གཏན་ནས་མ་རེད།
    ནག་ཆུ་གྲོང་ཁྱེར་གྱིས་ལྗོན་ཤིང་འདེབས་འཛུགས་ཧུར་ཐག་བྱས་ཀྱང་ཕན་འབྲས་དེ་ཙམ་ཐོན་མེད། ས་གནས་དེས་ཐ་ན་བྱ་དགའ་ཆེན་པོ་སྤྲད་དེ་སུ་ཞིག་གིས་ལྗོན་ཤིང་སྡོང་རྐང་གཅིག་བཏབ་པ་གསོན་ཚེ་སྔོན་ལ་བྱ་དགའ་སྒོར་སྟོང་ཕྲག་ཁ་ཤས་སྤྲོད་པ་དང་། དེ་རྗེས་བྱ་དགའི་ཚད་གཞི་མཐོ་རུ་ཤུགས་ཆེན་བཏང་ཡོད། བློ་ཕམ་པ་ཞིག་ལ་ལོ་མང་པོ་འདས་ཟིན་ནའང་ད་དུང་བྱ་དགའ་རག་མཁན་བྱུང་མེད།
    དེ་ནི་དངོས་གནས་ལག་རྩལ་མཐོ་བའི་ལས་ཀ་ཞིག་རེད། སྔོ་ཐིང་ཐིང་གི་རྩྭ་ས་ལི་སྨི་དྲུག་བདུན་ཙམ་བསྔོགས་ཚེ་འཁྱགས་སའི་བང་རིམ་ཡིན་པས། དང་ཐོག་ས་རྒྱུའི་སྤུས་ཚད་ལེགས་བཅོས་བྱེད་དགོས། ལྗོན་ཤིང་བཙུགས་རྗེས་ད་དུང་ཐབས་བརྒྱ་ཇུས་སྟོང་གིས་གྲང་རླུང་དང་སྨུག་ཕྱིའི་འོད་ཟེར་འགོག་དགོས་པ་མ་ཟད། ལོ་ཕྱེད་ཙམ་རིང་གི་དགུན་ཁ་སྒྲོལ་དགོས།
    2016ལོར་ཚན་རྩལ་པུའུ་དང་བོད་རང་སྐྱོང་ལྗོངས་ཀྱི་སྒྲིག་འཛུགས་སྐུལ་འདེད་འོག ཚན་ཞིབ་ཚན་པ་དང་ཁེ་ལས་མང་པོ་ཞིག་གིས་ནག་ཆུར་ས་བབ་མཐོ་བའི་ཤིང་འཛུགས་སྔོ་འགྱུར་ལས་དོན་འཚོལ་ཞིབ་བྱས་པ་རེད། སོན་བཟང་འདེབས་གསོ་དང་། ས་རྒྱུ་གཤིན་དུ་གཏོང་བ། བདག་སྐྱོང་ཇུས་གཞི་གསར་གཏོད་བཅས་བྱས་པ་མ་ཟད། རླུང་འགོག་གྱང་བསྐྲུན་པ་དང་། རྩྭ་ཁེབས་བཏིང་བ། དྲོད་སྲུང་འགྱིག་ཤོག་བཏིང་བ། ཉི་འགོག་ཁེབས་གཅོད་གཡོག་པ་སོགས་ལོ་5ཡི་རིང་འགག་སྒྲོལ་དཀའ་སེལ་བྱས་པ་བརྒྱུད་ཚན་ཞིབ་མི་སྣའི་ངོ་གདོང་ཉི་མས་འཚིག་ནས་ནག་པོར་གྱུར་ཡོད། རིམ་རྩིས་བྱས་ན་དེའི་རིང་ཁེ་བེད་བདག་ཐོབ་ཁག་29རེ་ཞུ་བྱས་ཡོད་པ་རེད།
    འདི་ལོའི་དབྱར་དུས་སུ་ནག་ཆུ་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་རྡལ་དུ་ཤིང་འཛུགས་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་དང་སྔོ་འགྱུར་རྣམ་པའི་དཔེ་སྟོན་རྣམ་གྲངས་རྟེན་གཞིའི་སྡོང་ཕྲུག་གསོག་ཚད་སྡོང་རྐང་ཁྲི་30ཟིན་པ་ལས་ལོར་དགུན་ཁ་སྒྲོལ་ཐུབ་ནས་གསོན་ཚད་75%ཡན་ཟིན་ཡོད། ནག་ཆུ་གྲོང་ཁུལ་གྱི་མ་ལམ་གཡས་གཡོན་དུ་སྨི་1200ཟིན་པའི་སྔོ་ལྗང་ཁུལ་བསྐྲུན་པར་ཡུན་ཧྲན་གསོམ་ཤིང་དང་། ག་བུར་གསོམ་ཤིང་། རྒྱ་ལྕང་བཅས་འགྱིང་ངེར་གནས་ཡོད།
     ཐོན་ཁུངས་གསོག་ཚད་ཡག་པོ་སྲུང་དགོས་ལ་ལྗོན་ཤིང་མང་དུ་གཏོང་བར་ཤུགས་སྣོན་ཡང་རྒྱག་དགོས།
    བོད་སྐྱོར་ལས་བྱེད་པ་ཀའོ་པའོ་ཅུན་གྱི་ཕ་ཡུལ་ནི་ཧྲའན་ཤིས་ཞིང་ཆེན་ཡན་ཨན་གྲོང་ཁྱེར་ཝུའུ་ཆི་རྫོང་ནས་ཡིན་པ་དང་རྒྱལ་ཡོངས་ཀྱི་རྨོ་བསྐྱུར་ནགས་གསོ་ལག་ལེན་བསྟར་སྔ་ཤོས་ཀྱི་རྫོང་ཞིག་རེད། མངའ་རིས་ས་ཁུལ་སྤུ་ཧྲེང་རྫོང་དུ་རྫོང་ཨུད་ཀྱི་ཧྲུའུ་ཅིའི་ལས་འགན་འཁུར་རྗེས། ཁོང་གིས་སྔོ་འགྱུར་ནགས་གསོའི་དཔུང་ཁག་ཆེན་པོའི་སྣེ་ཁྲིད་དེ་བྱེ་རླུང་དང་འཐབ་འཛིང་མཐའ་གཅིག་ཏུ་བྱས་ནས་ལོ་མང་རིང་སྔ་རྗེས་སུ་ལྗོན་ཤིང་སྡོང་རྐང་ཁྲི་10ལྷག་ཙམ་བཏབ། བོད་སྐྱོར་དུས་ཚོད་ཐིམ་རྗེས་རི་གྲོང་དུ་འཚར་ལོངས་བྱུང་བའི་ཧྲའན་པེའི་ཕོ་རྒོད་ཁོང་གིས་མུ་མཐུད་འདི་གར་སྡོད་རྒྱུའི་གདམ་ག་བྱས་ནས་རི་ཀླུང་དེ་བས་མང་བར་སྔོ་ལྗང་གོས་ཀྱིས་བཀླུབས་རྒྱུའི་སེམས་ཐག་བཅད།
    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་མང་མཚོ་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་རྒན་གྲས་བསོད་ནམས་ལྷ་རྒྱལ་གྱིས་ཡུལ་མི་ཚོའི་སྣེ་ཁྲིད་དེ་ལོ་50ལྷག་ཙམ་རིང་གླ་ཚེར་བཏབ། སྔོན་ཆད་བྱེ་རླུང་འུར་འུར་དུ་ལྡང་བའི་ལྷུན་རྩེ་རྫོང་དུ་དུས་རབས་ཕྱེད་ཀ་ཙམ་རིང་སྤྱི་ལེ་40ལྷག་ཙམ་དང་རྒྱ་ཁྱོན་མུའུ་ཁྲི་7.5ཟིན་པའི་གླ་ཚེར་ནགས་ཚལ་བཏབ།
    བོད་རང་སྐྱོང་ལྗོངས་ནགས་ལས་རྩྭ་ཐང་ཅུས་ཀྱི་གྲངས་གཞི་ལས་མངོན་པར། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་བོད་ཀྱིས་ནགས་བཟོ་མུའུ་ཁྲི་596.48བྱས་པས། ནགས་ཚལ་ཁྱབ་ཚད་12.31%བར་ཆེ་རུ་སོང་བ་དང“གཙང་པོ་གཉིས་དང་ཆུ་བོ་བཞི”རྒྱུག་ཁུལ་གྱི་སྔོ་འགྱུར་རྣམ་གྲངས་ཀྱི་མི་ཐབས་ནགས་བཟོ་མུའུ་ཁྲི་26.9ལེགས་སྒྲུབ་བྱས་ཡོད།
    ལྗང་མདོག་ཡག་པོ་སྤྱད་པ།
   ལོ་མང་སོང་རྗེས་ཁམ་བུའི་མེ་ཏོག་དུས་ཆེན་གྱི་ཡུལ་སྐོར་ཡོང་འབབ་རག་པའི་ཟླ་བ་རྒྱལ་མཚན་གྱིས་ཨ་ཕས་དེ་སྔ་རི་ཁྲོད་དུ་ཤིང་གཅོད་པའི་དཀའ་སྡུག་ནམ་ཡང་བརྗེད་མེད།
   ཟླ་བ་རྒྱལ་མཚན་ནི་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀྱི་ཀ་ལ་གྲོང་ཚོ་ནས་ཡིན་ཞིང་། ཁོང་གིས“དེ་སྔ་དགུན་ཁ་སླེབས་རིམ་བཞིན་དུད་ཚང་ཚང་མས་རི་སྟེང་ནས་ཤིང་བཅད་དེ་མེ་ཤིང་བྱེད་པ་མ་ཟད། བཙོངས་ནས་དངུལ་ཡང་རག་ཐབས་བྱེད་ཀྱི་ཡོད། གྲང་ངར་ཆེ་ཤོས་ཀྱི་སྐབས་སུ་ཨ་ཕ་དང་ཡུལ་མི་ཚོས་རི་ཁྲོད་དུ་གུར་ཕུབ་ནས་ཉལ་སྡོད་ཀྱི་ཡོད། ཟླ་བ་གཅིག་གཉིས་རིང་མི་མཐོང་རྒྱུ་མེད་པས། ཆ་རྐྱེན་ཞན་ལ་ཧ་ཅང་ཡུལ་པོ་ཡོད། དགུན་ཁ་གཅིག་དཀའ་ལས་ཚད་མེད་བརྒྱབ་ནའང་ཡོང་འབབ་སྒོར་ཆིག་སྟོང་ཙམ་ལས་ཡོང་གི་མེད”ཅེས་དྲན་གསོ་བྱེད་བཞིན་དུ་བཤད།
    སེམས་སྐྱོ་དགོས་པ་ཞིག་ནི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་ཕོག་པ་དེ་རེད། “ཏུན་5ཟིན་པའི་ལྗིད་ཐེག་རླངས་འཁོར་དུ་ཤིང་ཆ་བྱུར་བུར་བླུགས་ནས་ཉིན་གཉིས་གསུམ་རིང་རླངས་འཁོར་རེ་དབོར་འགྲོ་གི་ཡོད”
   ཐོན་ཁུངས་ཁོ་ནར་བརྟེན་ནས་མུ་མཐུད་འཚོ་བ་འདི་ལྟར་བསྐྱལ་ཚེ་ཐོན་ཁུངས་རྫོགས་པའི་དུས་ཤིག་ལོས་ཡོད། དུས་རབས་འདིའི་དུས་འགོར་ས་གནས་དེས་ཕྱོགས་གཅིག་ནས་མང་ཚོགས་ལ་རི་རྒྱ་བསྡམས་ནས་ཤིང་གཅོད་མི་ཆོག་པའི་ཁྲིད་སྟོན་བྱས་པ་དང་། ཕྱོགས་གཞན་ཞིག་ནས་ཀ་ལ་གྲོང་ཚོའི་གནའ་བོའི་ཁམ་བུའི་ནགས་ཚལ་ལ་བརྟེན་ནས་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་བ་རེད། གྲོང་མི་ཚོས་དང་ཐོག་སྐྱེ་ཁམས་ཁོར་ཡུག་ལ་བརྟེན་ནས་ཡོང་འབབ་གསོག་པའི་ཐད་ཡིད་ཆེས་དེ་ཙམ་བྱེད་ཀྱི་མེད།
    བསམ་ཡུལ་ལས་འདས་པར་ཁམ་བུའི་མེ་ཏོག་དུས་ཆེན་ཇི་ཙམ་གཉེར་བ་དེ་ཙམ་གྱིས་འཚོ་བ་གྲ་རྒྱས་སུ་ཕྱིན་ནས“དཔྱིད་ཀར་ཉིང་ཁྲིར་ཁམ་བུའི་མེ་ཏོག་ལ་ལྟ་བར་འགྲོ”ཞེས་པའི་བྱེད་སྒོ་སྤེལ་གྱི་ཡོད་པས་ཀ་ལ་གྲོང་ཚོ་འདི་ཉིད་བོད་ཀྱི་ཡུལ་སྐོར་གྱི་མིང་བྱང་ལྟ་བུར་གྱུར་ཡོད། མཛེས་ལྗོངས་ཁུལ་གྱི་དོ་དམ་དང་། ཁྱད་ལྡན་བཟའ་བཏུང་། བོད་ཆས་སྤྲས་ཏེ་པར་ལེན། རྟ་བཞོན་པ་དང་མདའ་འཕེན་པ་སོགས“ཕོ་མོ་རྒན་གཞོན་ཚང་མ་ཡུལ་སྐོར་ལས་ལ་ཞུགས་ཡོད། འདི་ལོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་གྲོང་ཚོ་ཡོངས་ཀྱི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་420ལྷག་ཙམ་ཟིན་ཡོད”ཅེས་ཟླ་བ་རྒྱལ་མཚན་གྱིས་འཛུམ་དམུལ་དམུལ་ངང་བཤད།
    ལོ་ན་བགྲེས་པའི་ཨ་ཕར་མཚོན་ན། “ལོ་བཅུ་ལྷག་ཙམ་རིང་རི་སྟེང་དུ་ཤིང་གཅོད་པར་ཕྱིན་མེད། ཁམ་སྡོང‘དཔག་བསམ་ལྗོན་ཤིང’ལ་གྱུར་པས་མི་སུ་ཞིག་གིས་ཀྱང་ཁམ་སྡོང་གི་ཡལ་ག་རྐང་གཅིག་བཅག་ནའང་ཁོང་གིས་སློབ་གསོ་ཡང་ཡང་རྒྱག་གི་ཡོད”
    སྔོན་ཆད་དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་སྐོར་གླེང་སྐབས“ཆུ་གྲང་མོའི་སྟེང་དུ་མར་འཕྱོ་བ”ལྟར་ཁྱེད་ནི་ཁྱེད་དང་ང་ནི་ང་ཡིན་ཞེས་སྣང་འཇོག་བྱེད་མཁན་མེད། ད་ཆ་ཐབས་ལམ་བཟང་པོ་རྙེད་ནས་ཡོང་འབབ་ཡག་པོ་བྱུང་བའི་ཀ་ལ་གྲོང་ཚོའི་མི་རྣམས་ཀྱིས་སྔོ་ཞིང་དྭངས་བའི་རི་ཆུ་གསེར་རི་དངུལ་རི་ཡིན་པ་དངོས་འབྲེལ་ཚོར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ན། 2020ལོ་བར་བོད་ཀྱི་ཞིང་འབྲོག་པས་ཐད་ཀར་རམ་ཡང་ན་ཞོར་ལ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་ཀར་ཞུགས་པའི་མི་ཐེངས་ཁྲི་8.6ཟིན་པར་ལོར་མི་རེའི་ཆ་སྙོམས་འབབ་འཕར་སྒོར་4300ལྷག་ཙམ་བྱུང་ཡོད།
    རང་བྱུང་ལ་བརྩི་འཇོག་དང་། རང་བྱུང་ལ་བསྟུན་པ། རང་བྱུང་ལ་སྲུང་སྐྱོང་བཅས་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་ཐཱན་ཉུང་འཕེལ་རྒྱས་ལ་རང་རྟོགས་ངང་སྐུལ་འདེད་གཏོང་བ་དེ་ད་ཆ་བོད་དུ་དར་སྲོལ་ཞིག་ཏུ་གྱུར་ཡོད།
     ཆུ་རླུང་འོད་བཅས་ཡག་པོ་སྤྱད་དེ་ལྗང་མདོག་ལས་རིགས་འཕེལ་རྒྱས་ཧུར་ཐག་བཏང་ཡོད། 2020ལོའི་ལོ་མཇུག་བར་བོད་ཀྱི་ནུས་རྒྱུ་གཙང་མའི་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་བཅུ་ཆ་དགུ་ཙམ་བཟུང་བ་དང་། 2015ལོ་ནས་2020ལོ་བར་རིམ་རྩིས་བྱས་ན་ནུས་རྒྱུ་གཙང་མའི་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར་65བཏང་ཡོད།
   “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱི་གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བྱེད་ཚད་50.19%ནས་96.28%བར་ཆེས་ཆེར་འཕར་བ་དང་། རྫོང་རིམ་པ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་ཐག་གཅོད་བྱེད་ཚད་97.34%ཟིན་ཡོད། འབུད་ཤིང་ཚབ་བྱེད་དང་། གསང་སྤྱོད་གསར་བརྗེ། ཁོར་ཡུག་བཅོས་སྒྲིག་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་གྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་ས་མཐོའི་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་ཡོད།