འཚོལ་བཤེར།   
藏文频道
2021ལོའི་ཟླ་8ཚེས་17ཉིན།

༄༅།།ཁྱིམ་གཞིས་གསར་པར་སྤོས། འཚོ་བ་ལེགས་སུ་ཕྱིན།

གསར་འགྱུར་སྤེལ་དུས།  【2021ལོའི་ཟླ་ 08ཚེས་17ཉིན། 10:49】   (རྩོམ་སྒྲིག་འགན་འཁུར་པ། རྟ་མགྲིན།)

 
    མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་ཡོད་པའི་རོང་དམར་ས་བབ་མཐོ་བའི་གནས་སྤོ་བཀོད་སྒྲིག་བྱ་ཡུལ་དུ་ཉི་མ་རྫོང་ནས་སྤོས་པའི་ཉི་རྒྱལ་འདི་གའི་འཚོ་བ་གསར་པར་གོམས་ཟིན། ཕྱུགས་རྫིའི་འཚོ་བ་དང་ཁ་བྲལ་ནས་ད་ཆ་ཁོང་སྡོད་ཁང་མཛེས་བཟོ་མཁན་ཞིག་ཏུ་གྱུར། ཁོང་གིས“ཕ་ཡུལ་དུ་ལོ་གཅིག་ལ་ཟླ་བ་ཁ་ཤས་ལས་ལས་ཀ་བྱེད་ཐུབ་ཀྱི་མེད། ད་ཆ་ལོ་གཅིག་དུས་བཞིར་ཡོང་འབབ་གསོག་ཐུབ་པ་དང་ནང་མི་7ལ་ལོར་ཡོང་འབབ་སྒོར་ཁྲི་བཅུ་གྲངས་ཡོང་གི་འདུག”ཅེས་བརྗོད།
     སྔོན་ཆད་བོད་ཀྱི་མི་འབོར་དབུལ་པོ་གཙོ་བོ་བྱང་རྒྱུད་ཀྱི་ས་བབ་མཐོ་བའི་འབྲོག་ཁུལ་དང་། ལྷོ་རྒྱུད་ཀྱི་མཐའ་མཚམས་ས་ཁུལ། ཤར་རྒྱུད་ཀྱི་འཕྲེད་རྒྱུག་རི་ཁུལ་སོགས་ས་བབ་མཐོ་ལ་ཆ་རྐྱེན་ཞན་པའི་ས་ཁུལ་དུ་གཅིག་སྡུད་བྱས་ཡོད། ཡུལ་གཞན་དུ་གནས་སྤོ་རྒྱུ་དེ་ས་ཁུལ་དེ་དག་དབུལ་པོའི་གནས་ལས་སྒྲོལ་བའི་བྱེད་ཐབས་སུ་གྱུར་ཡོད།
     2016ལོ་ནས་བཟུང་བོད་ཀྱིས་དབུལ་སྐྱོར་དང་དབུལ་སྒྲོལ་དམིགས་ཚད་དུ་བྱས་པའི་ཡུལ་གཞན་དུ་གནས་སྤོ་ཤུགས་ཆེ་རུ་བཏང་ཡོད། 2020ལོ་བར་བོད་ཀྱིས་ས་བབ་ཅུང་དམའ་བ་དང་ཐོན་སྐྱེད་དང་འཚོ་བར་འཚམ་པའི་ས་ཁུལ་དུ་གནས་སྤོས་དབུལ་སྐྱོར་ཁུལ(ས་ཚིགས)964བསྐྲུན་པ་དང་མི་ཁྲི་26.6རང་མོས་ལྟར་གནས་སྤོས་ཡོད།
     ཁོར་ཡུག་གསར་པ་ཡིན་པ།
     སྐལ་བཟང་ཚེ་རིང་གི་ཕ་ཡུལ་ནི་བོད་ལྗོངས་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་རྒོད་པོ་ཤང་དཀྲིགས་པ་གྲོང་ཚོ་ནས་ཡིན་ཞིང་། དེ་ནི་ས་ངན་ཡུག་ཁུལ་གྱི་ཁོངས་སུ་གཏོགས་པ་དང་། དེ་གར་རི་མཐོ་གཡང་གཟར་ལ་ས་རྒྱུ་ཞན་པོ་ཡོད།
     འཕྲེད་རྒྱུག་རི་རྒྱུད་ཀྱི་དབུས་སུ་གནས་པའི་ས་ངན་ཡུག་ཁུལ་གྱི་གྲས་སུ། ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་གི་ཁེར་རི་ཤང་དང་། གླང་སྨད་ཤང་། གསེར་གདོང་ཤང་། མིག་མདོ་ཤང་། བྱང་གསུམ་ཤང་། འབུམ་སྐྱེས་ཤང་བཅས་དང་སྨར་ཁམས་རྫོང་གི་རྒོད་པོ་ཤང་བཅས་ཀྱི་སྲིད་འཛིན་གྲོང་ཚོ་45ལ་དེ་སྔ་དུད་ཚང་2741ལ་གྲོང་མི་ཁྲི་1.66ལྷག་ཙམ་ཡོད་ཅིང་། དེའི་གྲས་སུ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་1475ཡི་མི་8039ཡོད་པས་དབུལ་པོར་འགྱུར་ཚད་60.88%ཟིན་ཡོད།
     ལོ་ཤས་གོང་བརྟག་དཔྱད་ཞིབ་འཇུག་གང་ལེགས་དང་ཚན་རིག་དང་མཐུན་པའི་དཔྱད་དཔོག་དང་རིགས་པས་ཁུངས་སྐྱེལ་བྱས་པའི་རྨང་གཞིའི་ཐོག བོད་ཀྱིས་ས་ངན་ཡུག་ཁུལ་གྲོང་ཁྱེར་བརྒལ་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་རྒྱུའི་ཐབས་ཇུས་བཏོན་ཡོད། གཅིག་སྡུད་བཀོད་སྒྲིག་གཙོ་བོ་དང་ཁ་ཐོར་བཀོད་སྒྲིག་རམ་འདེགས་སུ་བྱས་ཏེ། ས་ངན་ཡུག་ཁུལ་གྱི་མང་ཚོགས་ཁྲི་1.16དུས་བགོས་ཁག་བགོས་ཀྱིས་ལྷ་ས་དང་། གཞིས་རྩེ། ལྷོ་ཁ། ཉིང་ཁྲི་བཅས་གྲོང་ཁྱེར་བཞིར་གནས་སྤོས་པ་རེད།
     2018ལོའི་ཟླ་6པར་སྐལ་བཟང་ཚེ་རིང་གི་ནང་མི་བདེ་བླག་ངང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་བཀོད་སྒྲིག་བྱ་ཡུལ་དུ་སྤོས། སྡོད་ཁང་གསར་པའི་རྒྱ་ཁྱོན་སྨི་ངོས་གྲུ་100ལྷག་ཙམ་ཟིན་ཞིང་། ཁྱིམ་དུ་འཛིན་ཆས་དང་ཁྱིམ་སྤྱོད་གློག་ཆས་གང་དགོས་ཚང་མ་ཡོད་པ་དང་མཐའ་འཁོར་གྱི་ཁོར་ཡུག་གཙང་སྦྲ་ཧ་ཅང་དོད་པོ་ཡོད།
     “བོད་ཀྱི་མི་འབོར་དབུལ་པོ་གཙོ་བོ་གཅིག་སྡུད་ཁུལ་གྱི་རང་བྱུང་ཆ་རྐྱེན་ཞན་པ་དང་། ཆུ་གློག་ལམ་གསུམ་གྱི་ཤར་གཏོང་གི་མ་གནས་མཐོ་པོ་ཡོད། དབུལ་ཕོངས་མང་ཚོགས་དེ་དག་གནས་སྤོས་ན་དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཐུབ”ཅེས་བོད་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་གཞུང་དོན་ཁང(གྲོང་གསེབ་དར་རྒྱས་ཅུས)གི་ཀྲུའུ་རེན་དབྱི་ཧྥེན་ཧྲུའེ་ཡིས་བཤད།
     ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ཚྭ་ཆུ་ཐང་གྲོང་ཚོར་ཚ་རླངས་མཁའ་དབྱིངས་སུ་འཕྱུར་བཞིན་ཡོད། ས་གནས་དེ་གའི་དམིགས་བསལ་གྱི་ཆུ་ཚན་ཐོན་ཁུངས་ལ་བརྟེན་ནས་བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གིས་བདེ་ཐང་སླར་གསོའི་ལྟེ་གནས་ཤིག་བསྐྲུན་ཏེ་2017ལོའི་ཟླ་7ཚེས་31ཉིན་སྤྱོད་འགོ་ཚུགས་པ་རེད། ལོ་གསུམ་རིང་ཁམས་གསོའི་གསོ་བཅོས་བྱས་པ་བརྒྱུད། གྲོང་མི་སྐྱིད་ཐར་གྱི་ས་མཐོའི་གྲུམ་བུའི་ནད་གཞི་དྲག་སྐྱེད་བྱུང་ཡོད།
     སྐྱིད་ཐར་གྱི་ཕ་ཡུལ་ནི་ས་བབ་མཐོ་ཚད་སྨི་4800ཡོད་པའི་ནག་ཆུ་གྲོང་ཁྱེར་ཤན་རྩ་རྫོང་ནས་ཡིན་ཞིང་། དེ་གར་དགུན་ཁ་གྲང་ངར་ཧ་ཅང་ཆེ་བས་ཁོང་ལ་ས་མཐོའི་གྲུམ་བུའི་ནད་ཕོག་ནས་རྒྱུན་དུ་ན་ཟུག་ཚད་མེད་བཏང་སྟེ་གོམ་པ་ཡང་སྤོ་ཐུབ་ཀྱི་མེད། 2017ལོར་བོད་ཀྱིས་ཡངས་པ་ཅན་གནད་སྨིན་དབུལ་སྐྱོར་གྱི་གྲུམ་བུའི་ནད་ཕོག་མཁན་གཅིག་སྡུད་གནས་སྤོ་བཀོད་སྒྲིག་བྱ་ཡུལ་བསྐྲུན་པ་རེད། དེ་གར་ས་བབ་ཅུང་དམའ་བ་དང་། རྒྱལ་ལམ་དང་ཐག་ཉེ་བ། འགྲིམ་འགྲུལ་སྟབས་བདེ་བ་མ་ཟད། སྨན་བཅོས་དང་ལུས་གསོའི་ཆ་རྐྱེན་དེ་བས་ལེགས་པོ་ཡོད། 2020ལོའི་ལོ་མཇུག་བར་མངའ་རིས་དང་། ནག་ཆུ། ཆབ་མདོ་བཅས་ཀྱི་དུད་ཚང་150ཡི་མི་683ཚྭ་ཆུ་ཐང་གྲོང་ཚོར་སྤོས་པ་རེད།
     སྐྱིད་ཐར་གྱིས“འདི་གར་ནད་གཞི་དྲག་སྐྱེད་བྱུང་བས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་དོན་གཉེར་བྱེད་པའི་གདེང་ཚོད་ཡོད”ཅེས་བཤད།
     ལས་ཀ་གསར་པ་རག་པ།
     ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་བྱང་རྒྱུད་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གཅིག་སྡུད་བཀོད་སྒྲིག་སྡེ་ཁུལ་གྱི་སྒོ་འགྲམ་དུ་སྙན་རོང་རྫོང་ནས་ཡིན་པའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་གྲོང་མི་སྟོབས་རྒྱལ་གྱིས་ཚོང་ཁང་ཞིག་བཙུགས་ནས་འཚོ་བའི་མཁོ་ཆས་འཚོང་གི་ཡོད།
     ཡུལ་གཞན་དུ་གནས་སྤོས་པ་ལས་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་པའི་སྐོར་གླེང་སྐབས་སྟོབས་རྒྱལ་གྱིས“དུས་གོང་གི་མ་དངུལ་སྒོར་ཁྲི་5ནི་སྲིད་གཞུང་གི་ལས་གཏོད་རོགས་སྐྱོར་མ་དངུལ་ནས་བཏང་བ་ཞིག་རེད། འདི་གར་དཀར་ཆ་དོད་ལ་དྲོ་སོབ་སོབ་ཀྱི་སྡོད་ཁང་འདུག་ལ་ལས་སྒྲུབ་ལས་གཏོད་ཀྱི་གོ་སྐབས་ཀྱང་དེ་བས་མང་བ་འདུག”ཅེས་བཤད།
     བཀོད་སྒྲིག་སྡེ་ཁུལ་ཁོངས་གཏོགས་ཀྱི་དམངས་དར་གྲོང་ལྷན་གྱིས་མ་དངུལ་བཏང་ནས་ཁང་མིག་21མཛེས་བཟོ་བྱས་ཏེ་ཁང་གླ་དམའ་པོའི་ངང་སྡེ་ཁུལ་གྱི་གྲོང་མིར་བོགས་མར་གཏོང་བ་དང་། སྲོལ་རྒྱུན་གྱི་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་ཀྱི་དབུལ་སྐྱོར་འཁོར་ཁང་བཙུགས་ནས་བུད་མེད་མང་པོ་དེའི་ནང་ལས་ཀར་ཞུགས་སུ་བཅུག་པ་སོགས་ཀྱི་བྱ་ཐབས་སྣ་མང་སྤྱད་དེ་གནས་སྤོས་མང་ཚོགས་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་བཏང་ཡོད།
     གྲོང་ལྷན་གྱི་ལས་དོན་པ་བསོད་ནམས་སྒྲོལ་མས“སྲིད་ཇུས་ཀྱི་རྒྱབ་སྐྱོར་འོག་གནས་སྤོས་མང་ཚོགས་ཁག་གཅིག་སྡེ་ལས་ཀུང་སིར་བདེ་སྲུང་བ་བྱེད་པ་དང་། ལ་ལས་ཙག་ཙིག་ཚོང་ཁང་བཙུགས་པ་མ་ཟད། མང་ཆེ་བར་ལས་ཀ་གསར་པ་རག་ཡོད”ཅེས་ངོ་སྤྲོད་བྱས།
     བོད་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་རྨང་གཞི། ཡུལ་གཞན་དུ་གནས་སྤོས་མང་ཚོགས་ཀྱི་རང་ངོས་ཀྱི་དོན་དངོས་བཅས་ལ་གཞི་ཚུགས་ཏེ། ཡུལ་བབ་དང་བསྟུན་ནས་གནས་སྤོའི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐག་ཉེ་ས་དང་ས་ཆ་དེ་རང་དུ་ལས་ཞུགས་ལས་གནས་གསར་སྤེལ་བྱེད་པ། གནས་སྤོས་མང་ཚོགས་ལ་འདེབས་གསོ་ལས་སྣོན་དང་། ཚོང་དོན་ཟོག་འགྲེམས། ཡུལ་སྐོར་ཞབས་ཞུ་སོགས་ཀྱི་ཐད་ཁྲིད་སྟོན་བཅས་བྱས་ནས། ངལ་རྩོལ་ནུས་ཤུགས་ལྡན་པའི་ཁྱིམ་ཚང་དབུལ་པོའི་རྗེས་མཐུད་འཕེལ་རྒྱས་ལ་ཐབས་ལམ་ཡོད་པ་དང་། ལས་ཞུགས་གཞན་སྒྱུར་ལ་ཐབས་ལམ་ཡོད་པ། ཡོང་འབབ་མང་དུ་འགྲོ་བ་བཅས་བྱས་ཡོད།
     སྤེན་པའི་ནང་མི་ཚོ་གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕང་ར་ཤང་ཡའུ་ཐང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དུ་སྤོས་རྗེས་ཁོང་ཚོར་ས་ཞིང་མུའུ་12བགོ་འགྲེམས་རག་པ་རེད། སྤེན་པས་ལོ་ལེགས་ཡོང་ཉེར་ཡོད་པའི་ཞིང་ནང་ལ་ལྟ་བཞིན“དེ་སྔ་ས་ཞིང་གི་ཐོན་འབབ་ཡག་པོ་མེད། ད་ཆ་ཐོན་འབབ་མང་བའི་ཁར་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག”ཅེས་བཤད།
     ལྷོ་ཁ་གྲོང་ཁྱེར་ཟངས་རི་རྫོང་དྲོ་སྐྱིད་གྲོང་ཚོ་ནི་རྫོང་གྲོང་ནས་བར་ཐག་སྤྱི་ལེ་10ཡི་སར་གནས་པས། གྲོང་ཚོས་ས་བབ་ཀྱི་ལེགས་ཆར་བརྟེན་ནས་ཟུར་སྣོན་རིན་ཐང་ཅུང་མཐོ་བའི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་བཏང་ཡོད།
     སྔོ་ཚལ་དྲོད་ཁང་ཆེན་པོར་གནས་སྤོས་དུད་ཚང་བསྟན་འཛིན་དངོས་གྲུབ་སྔོ་ཚལ་ལ་གཡོག་བྱེད་བྱེད་བཞིན་མཆིས། ཁོང་གིས“དྲོ་སྐྱིད་གྲོང་ཚོར་སྤོས་རྗེས་སྲིད་གཞུང་གིས་ལེ་ལག་ཚང་བའི་དྲོད་ཁང་བསྐྲུན་པ་དང་། ཁྱིམ་གྱི་སྒོ་རྩ་ནས་ཐོན་ལས་འཕེལ་རྒྱས་བཏང་བས་ལོ་གཅིག་ལ་སྔོ་ཚལ་ཁོ་ན་བཙོངས་པར་ཡོང་འབབ་སྒོར་5000རག་གི་འདུག”ཅེས་བཤད།
     བསྡོམས་རྩིས་བྱས་པར་གཞིགས་ན། ལྗོངས་ཡོངས་ཀྱི་ཐོན་ལས་དབུལ་སྐྱོར་མ་དངུལ་གྱི་5%བཀོད་སྒྲིག་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་ལ་སྤྱད་ནས། གནས་སྤོས་དུད་ཚང་རེར་ཉུང་མཐར་ཡང་མི་རེ་ལས་ཞུགས་ཐུབ་པར་བྱས་ཡོད། གནས་སྤོས་མང་ཚོགས་དེ་བས་མང་བ་གཞིས་ཆགས་ཐུབ་པ་དང་། ལས་ཞུགས་ཐུབ་པ། རིམ་བཞིན་ཕྱུག་པོ་ཆགས་ཐུབ་པ་བཅས་བྱུང་ཡོད།
     འཚོ་བ་གསར་པར་མཉམ་འདྲེས་ཐུབ་པ།
     གནས་སྤོས་མང་ཚོགས་ཚོ་སྤྱི་ཚོགས་ཀྱི་འཚོ་བ་གསར་པར་མཉམ་འདྲེས་ཡག་པོ་ཐུབ་པར་བྱེད་པ་ནི་ཡུལ་གཞན་དུ་གནས་སྤོས་ལས་དོན་གྱི་རྗེས་མཐུད་རོགས་སྐྱོར་ཡག་པོ་བྱེད་པའི་དགོས་ངེས་ཀྱི་ནང་དོན་ཞིག་རེད།
     ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱིས་མཚན་མོའི་སློབ་གྲྭ་བཙུགས་ནས་གནས་སྤོས་མང་ཚོགས་གྲོང་ཁྱེར་གྱི་འཚོ་བར་གོམས་པར་བྱས་ཤིང་། སློབ་ཁྲིད་ཀྱི་ནང་དོན་ལ་གྲོང་ཁྱེར་གྱི་འཚོ་བའི་གཞི་རྩའི་ཤེས་བྱ་དང་བཅའ་ཁྲིམས་ཁྲིམས་སྲོལ་སོགས་ཚུད་ཡོད།
     “མཚན་མོའི་སློབ་གྲྭ་ཐེངས་བཅུ་ཕྲག་ཁ་ཤས་འཚོགས་པ་བརྒྱུད། གནས་སྤོས་མང་ཚོགས་གྲོང་ཁྱེར་གྱི་འཚོ་བར་གོམས་འདྲིས་དེ་བས་ཆེ་རུ་སོང་ནས། སྡེ་ཁུལ་དུ་དཀའ་ངལ་ཕྲད་ཚེ་ཏང་རྩ་འཛུགས་དང་ཏང་ཡོན་འཚོལ་གྱི་ཡོད”ཅེས་སྣེའུ་ཁུལ་གསར་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲུའུ་ཧྲེང་ཅུན་གྱིས་བཤད། ཆབ་མདོ་ནས་སླེབས་པའི་བཀྲ་ཤིས་ནོར་བུ་ནི་ཁམས་པའི་ཕོ་གཞོན་ཡིན་པ་དང་། སྔོན་ཆད་ཁྱིམ་དུ་ནང་ལས་བྱེད་ཀྱི་མེད། ཉིན་ཤས་གོང་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་ཀུང་སིར་གྲོང་ཁྱེར་གྱི་གད་པ་བྱེད་རྒྱུའི་རེ་བ་ཞུས།
     གནས་སྤོས་མང་ཚོགས་ཀྱི་མི་རབས་རྗེས་མའི་ངོས་ནས་བརྗོད་ན། འཚོ་བ་གསར་པར་གོམས་འདྲིས་དེ་བས་མགྱོགས་པ་ཡོང་ངེས་རེད།
     2019ལོའི་ཟླ་12པར་དམའ་འབྲིང་གི་སློབ་མ་བློ་བཟང་བསམ་གཏན་ས་བབ་མཐོ་ཚད་སྨི་5000ཡོད་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་སྲིན་བུ་རིའི་བཀོད་སྒྲིག་བྱ་ཡུལ་དུ་སྤོས། གནས་དེར་སྤོས་རྗེས་ས་བབ་དམའ་རུ་ཕྱིན་པ་དང་མཁའ་རླུང་རླན་གཤེར་ཆེ་རུ་སོང་བ་མ་ཟད། འཚོ་བའི་ཆ་རྐྱེན་དེ་བས་ལེགས་སུ་ཕྱིན་ཡོད།
     གོང་དཀར་སློབ་འབྲིང་གཉིས་པར་སླེབས་རྗེས་བློ་བཟང་བསམ་གཏན་གྱི་མཐོང་རྒྱ་ཆེ་རུ་སོང་བ་དང་། ད་ཆ་དུས་རྒྱུན་སློབ་གྲོགས་ཚོ་དང་འབྱུང་འགྱུར་གྱི་ཕུགས་འདུན་སྐོར་གླེང་སྐབས་ཁོ་པ་ནི་སྔོན་ཆད་ལྟ་བུའི་ཤོད་རྒྱུ་གང་ཡང་མེད་པའི་གཞོན་ནུ་དེ་ག་ལ་ཡིན།
     “ད་ཆ་ལམ་ཡག་པོ་ཡོད་པས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཧ་ཅང་མགྱོགས་པོ་ཡོད”ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྤོས་ནས་ལོ་གཉིས་ལྷག་ཙམ་སོང་བའི་བཀྲ་ཤིས་རྒྱལ་མཚན་གྱིས་ཐོག་མའི་གདམ་ག་དེ་བས་བརྟན་དུ་སོང་ཞིང་། “ཡུལ་སྨད་ཤང་གི་ཡུལ་སྐོར་དར་རྒྱས་གོང་འཕེལ་བྱུང་བས་འཚོ་བར་རེ་བས་ཁེངས་སོང”ཞེས་བཤད།
     ཡུལ་སྨད་ཤང་ནི་དེ་སྔ་བོད་ཀྱི་ལམ་ཐག་རིང་ལ་སྐྱོད་དཀའ་ཤོས་ཀྱི་ཤང་གི་གྲས་ཤིག་ཡིན་པ་དང་། སྐབས་ཤིག་རིང་གནས་དེར་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་པ་ཕ་བཅས་ནང་མི་གསུམ་ལས་མེད།
     སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་ཁོ་ཚོའི་པ་ཕས་ལོ་བཅུ་ཕྲག་ཉིན་གཅིག་ལྟར་མེས་རྒྱལ་གྱི་མཐའ་མཚམས་སྲུང་བའི་གཏམ་རྒྱུད་རྟག་ཏུ་ཉན་སྐབས། བཀྲ་ཤིས་རྒྱལ་མཚན་ལ་སེམས་འགུལ་ཆེན་པོ་ཐེབས་ཤིང་། ཁོང་གིས“རང་ཉིད་ཀྱང་སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གཉིས་དང་འདྲ་བར་མཐའ་མཚམས་སུ་གཞིས་ཚུགས་ནས་ཡུལ་སྨད་པ་ཡག་པོ་ཞིག་བྱས་ཏེ། ས་ཆ་འདི་སྲུང་སྐྱོང་ཡག་པོ་དང་ཁྱིམ་གཞིས་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན”ཞེས་བཤད།